འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཁྲིམས་འཛུགས་ལ་བརྟེན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་
    ལ་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རིག་གནས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་རྗེས་སུ་《ལྷ་ས་གྲོང་ཁྱེར་གྲོང་ཁུལ་རྙིང་པ་སྲུང་སྐྱོབ་སྲོལ་ཡིག་》དང་《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས>བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས》 《ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་》སོགས་ལ་ཞིབ་བཤེར་བྱས་པ་དང་ཆོག་མཆན་སྤྲད་དེ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་སྔར་བས་ལེགས་པའི་ངང་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་ཡོད།
          “ཁྲིམས་ལྟར་བོད་སྐྱོང”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་གྱི་གྲས་ཤིག་ཡིན། “ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་གི་གཅེས་ནོར་ཡིན་པ་དང་ལྷ་སའི་གྲོང་ཁུལ་རྙིང་པ་དང་དེ་བཞིན་ལྗོངས་ཡོངས་སུ་ཁྱབ་པའི་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན”ཞེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་འགན་འཁུར་བས“ཁྲིམས་འཛུགས་བརྒྱུད་རིམ་ནང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་དག་བཅོས་ཀྱི་བསམ་འཆར་དང་གྲོས་འགོ་ཐེངས་མང་བཏོན་གནང་བ་དང་ཁྲིམས་ལུགས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་རྒྱུར་འབྲེལ་གཏུག་གནང་ཡོད”ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལའི་སྲུང་སྐྱོབ་དོ་དམ་སྲོལ་ཡིག་ནང་ཕྱོགས་གསུམ་ཐད་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བྱས་པ་སྟེ། 2009ལོར་ལག་ལེན་བསྟར་བའི་《བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ་སྲུང་སྐྱོབ་བྱེད་ཐབས་》ནང་གི་ཕན་ནུས་ཆེ་བའི་སྲུང་སྐྱོབ་དོ་དམ་བྱེད་ཐབས་དང་ཉམས་མྱོང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་གྱུར་ནས་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀའི་ཁྲོད་ཁྲིམས་འཛུགས་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྒྲིག་སྲོལ། སྲིད་ཇུས་སོགས་ཀྱི་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཡོད། སྲོལ་ཡིག་ནང་སྲུང་སྐྱོང་ཁྱབ་ཁོངས་གྲས་སུ་ད་དུང་ནོར་བུ་གླིང་ཁ་དང་གཙུག་ལག་ཁང་ཚུད་པའི་གཏན་འབེབས་བྱས་པ་རེད།
         མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་དང་བྱ་ཐབས་ལག་ལེན་བསྟར་བ་དེས་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་ཆེ་རུ་ཕྱིན་པ་ད་ང་། སྲུང་སྐྱོབ་ལས་ཀའི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ། དོ་དམ་ལས་ཀའི་སྒྲིག་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་པ། མི་འབོར་ཅུང་ཉུང་བའི་མི་རིགས་དང་མཐའ་མཚམས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་བཅས་རེད། ལག་ལེན་བྱེད་ཐབས་ཀྱི་དོན་ཚན་དགུ་པའི་ནང་གསེས་གཉིས་པའི་ནང“རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་རིག་གནས་སོགས་སྡེ་ཚན་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆེད་དངུལ་ཆེད་སྤྱོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
         ཁྲིམས་སྲོལ་ལག་ལེན་ཇི་འདྲ་ཐུབ་ཡོད་མེད་མང་ཚོགས་ཀྱི་སེམས་ནང་གསལ་པོ་ཤེས་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི་མལ་གྲོ་གུང་དཀར་རྫོང་ཡངས་རི་སྒང་གྲོང་ཚོའི་འབྲི་གུང་ཐང་གའི་རྒྱུན་འཛིན་པ་ལོ་52ལ་སླེབས་པའི་དཀོན་མཆོག་དངོས་གྲུབ་ཀྱིས་ཐང་ག་འབྲི་མཚམས་བཞག་སྟེ་གསར་འགོད་པར་ཕ་མེས་ཚོ་དང་བསྡུར་ན་ང་ནི་བསོད་ནམས་ཅན་ཞིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཐང་གའི་དགེ་རྒན་ཆེ་མོ་བ་ཡིན་ནའང་དགོན་སྡེ་དང་མངའ་བདག་གི་ཁྲལ་སྒྲུབ་དགོས་ཀྱི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཡོང་འབབ་དེ་བས་མང་བ་གསོག་ཆེད་གྲོང་ཚོའི་ནང་གི་ཐང་ག་འབྲི་མཁན་ཚོས་ཐང་ག་འབྲི་མཚམས་བཞག་སྟེ་ཁང་ཚོན་གཏོང་འགོ་ཚུགས། མངོན་མིན་རིག་གནས་ཤུལ་བཞག་གི་ལག་བསྟར་བྱེད་ཐབས་ཁྱབ་བསྒྲགས་བྱས་རྗེས་གྲོང་ཚོའི་ནང་ཁོང་ལ་ཐང་ག་འབྲི་སྟངས་སློབ་རོགས་ཞུ་མཁན་རིམ་བཞིན་མང་དུ་སོང་བས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ཐད་ཀྱི་ཁོང་གི་ཡོད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།