འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཱ་ཁའེ་ཡིས་རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་ཞིབ་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁའེ་ཡིས་ཐེན་ཅིན་དུ་རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཞིབ་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་དང་པོའི་ལས་འགན་སྒྲུབ་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།
         མཱ་ཁའེ་ཡིས་རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལས་གྲྭ་ལག་བསྟར་བྱེད་པ་དེ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམིགས་པ་དང་འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སྟངས་འཛིན་ཐུབ་ཆེད་གཏན་ལ་ཕབ་པའི་འཐབ་ཇུས་གལ་ཆེན་ཞིག་རེད། རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཕེན་གཏོང་ཐུབ་པ་དེ་ཐོག་ནས་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་སྐྱེལ་འདྲེན་ནུས་པར་མཆོང་སྐྱོད་གསར་པ་བྱུང་བ་དང་། ཚན་རྩལ་གསར་གཏོད་ཐད་གོམ་སྟབས་གསར་པ་སྤོས་པ། ལས་གྲྭའི་དོ་དམ་དང་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་པ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་ཐད་གོམ་སྟབས་བརྟན་པོ་སྤོས་པ་བཅས་མཚོན་ཡོད་ཅེས་གསུངས་ཤིང་། མཱ་ཁའེ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁང་གི་ཚབ་ཞུས་ཏེ་ལས་འགན་སྒྲུབ་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་ཚན་པ་དང་མི་སྒེར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
         མཱ་ཁའེ་ཡིས་མིག་སྔར་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་ལ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་རྒྱུའི་འགག་རྩའི་དུས་སུའང་སླེབས་ཡོད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཕྲག་ཐོག་གི་བླ་ན་མེད་པའི་འགན་འཁྲི་དང་གཟི་བརྗིད་འགན་འཁྲི་བློ་ལ་བཅངས་ནས་ནུས་ཤུགས་ཡོད་རྒུས་ཟླ་བའི་གོ་ལར་མྱུལ་དཔྱད་བྱེད་པའི་འདུ་འགོད་ཐེངས་གསུམ་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱ་རྒྱུ་འགན་ལེན་བྱས་ཏེ་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་གཅིག་འབུལ་དགོས། གཅིག་ནས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤུས་ཚད་ལ་བསྟུན་པ་དང་། སྤུས་ཚད་ལ་ཞབས་འདེགས་ཞུ་བ། སྤུས་ཚད་འགན་ལེན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས“ཡག་ཐོག་ཡག་བརྩེགས”ཀྱི་བཟོ་བོའི་སྙིང་སྟོབས་དེ་མ་ལག་དང་། ཐོན་རྫས། བཀོལ་སྤྱོད་བཅས་ཚང་མའི་ནང་ཁྱབ་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་མཐུན་སྦྱོར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་དང་གཞོགས་འདེགས་དམ་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གོ་རིམ་ལྡན་པའི་ངང་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་གནད་འཁེལ། ལག་བསྟར་གནད་འཕིགས་ཐུབ་པ་བཅས་བྱེད་དགོས་པ། གསུམ་ནས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་རང་རྒྱལ་གྱི་སྐྱེལ་འདྲེན་མི་ཤུགས་འཕུར་མདའ་དང་དེའི་སྒུལ་བྱེད་འཕྲུལ་འཁོར་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བཟོ་བའི་འགག་རྩའི་ལག་རྩལ་དང་། རྨང་གཞིའི་ལག་རྩལ། མདུན་ཕྱོགས་ལག་རྩལ་བཅས་ཀྱི་བཀག་སྡོམ་ལས་སྒྲོལ་ཏེ་སྤུས་ལེགས་དང་། ཕན་ཆེ། ལྗང་མདོག མ་གནས་དམའ་བ་བཅས་ཀྱི་འཇིག་རྟེན་འཕུར་སྐྱོད་ཀྱི་སྐྱེལ་འདྲེན་མ་ལག་ཕྱོགས་ཡོངས་ནས་བསྐྲུན་དགོས་པ། བཞི་ནས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། སློབ་གསོ་གསོ་སྦྱོང་དང་རིག་ནུས་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་དུ་སླེབས་ཐུབ་པ་དང་གསར་གཏོད་གསར་འབྱེད་བྱེད་ཕོད་མཁན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས་པ། ལྔ་ནས་ཐོག་མཐའ་བར་གསུམ་དུ་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་དགོས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ཏེ་འཇིག་རྟེན་འཕུར་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་དང་ལེགས་སྐྱེས་འབུལ་ཕོད་པའི་བླ་ན་མེད་པའི་སྙིང་སྟོབས་དང་རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་དང་རྩེ་མོར་འཛེགས་ཕོད་པའི་བློ་སྟོབས་ལ་བརྟེན་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།