འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མིའི་གྲོས་འགོ་ཁག་8360གཅིག་སྡུད་ཐོག་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲད་པའི་
    ནང་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྲོས་འགོ་གཙོ་བོ་20གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲོད་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཚོགས་ཆེན་འཚོགས་རིང་འཐུས་མི་ཚོས་གྲོས་འགོ་8360བཏོན་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཀུའུ་ཞའོ་ཡུས་ཀྱིས་འདི་ལོ་འཐུས་མིའི་གྲོས་འགོར་དམིཌ་བསལ་ཁྱད་ཆོས་གསུམ་ལྡན་པ་སྟེ། གཅིག་ནི་འཐུས་མིའི་གྲོས་འགོའི་གྲངས་འབོར་མང་བ་དང་གྲོས་འགོའི་སྤུས་ཚད་ལེགས་པོ་ཡོད་ཅིང་། དེའི་ནང་ཆེད་དོན་བརྟག་ཞིབ་དང་། རྟོག་ཞིབ། བཞུགས་མོལ། བཅར་འདྲི་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲུབ་པའི་གྲོས་འགོ་4993ཡོད་པ་དེས་གྲོས་འགོའི་བསྡོམས་འབོར་གྱི་59.7%བཟུང་བས། འཐུས་མི་ཚོས་མི་དམངས་ཁྲོད་ནས་བྱུང་བ་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་མངོན་ཏེ་གྲོས་འགོའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ་མཚོན་པ་དང་། གཉིས་ནི་འཐུས་མི་ཚོས་དོ་ཁུར་བྱེད་པའི་གཙོ་གནད་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ཐད་གཅིག་སྡུད་ཐོག་མངོན་པ། གསུམ་ནི་སྒྲུབ་གཉེར་བྱེད་རིང་འབྲེལ་གཏུག་སྤེལ་རེས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ལས་འགན་ཅུང་ལྕི་བས་འཐུས་མི་ཚོའི་གྲོས་འགོའི་ནང་སྡེ་ཚན་མང་པོ་ཞིག་གིས་མཉམ་དུ་སྒྲུབ་གཉེར་བྱེད་དགོས་པའི་གྲོས་འགོ་5276ཡོད་པ་དེས་གྲོས་འགོའི་བསྡོམས་འབོར་གྱི་63.1%བཟུང་བ་བཅས་རེད་ཅེས་གསུངས་པ་རེད།
         འཐུས་མིས་བཏོན་པའི་གྲོས་འགོའི་ནང་དོན་དང་སྒྲུབ་འགན་འཁུར་མཁན་ཚན་པའི་འགན་ནུས་ཁྱབ་ཁོངས་གཞིར་བཟུང་། འདི་ལོའི་འཐུས་མིའི་གྲོས་འགོ་ལས་ཁུངས་དང་རྩ་འཛུགས་189ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། སྒྲུབ་འགན་འཁུར་མཁན་གྱི་གྲོས་འགོའི་གྲངས་འབོར་མང་ཙམ་གྱི་ཚན་པ་ནི་ནོར་སྲིད་པུའུ་ལ་གྲོས་འགོ་2726དང་། འཕེལ་སྒྱུར་ཨུ་ལྷན་ལ་གྲོས་འགོ་2026 སློབ་གསོ་པུར་གྲོས་འགོ་1071 མི་སྤྱི་པུའུ་ལ་གྲོས་འགོ་798 འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ལ་གྲོས་འགོ་742 ཞིང་ལས་པུའུ་ལ་གྲོས་འགོ་728བཅས་ཡོད་པ་རེད།
         ཀུའུ་ཞའོ་ཡུས་ཀྱིས་ཚོགས་ཆེན་གྲོལ་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིང་གིས་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག ནང་དོན་ཁག་20འདི་ལོ་གཙོ་གནད་ཐོག་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྲོས་འགོར་བརྩི་རྒྱུ་གཏན་འཁེལ་བྱས་པ་དེ་ཞིབ་ཕྲའི་གྲོས་འགོ་146དང་འཐུས་མི་621དང་འབྲེལ་བ་ཡོད། ཚན་རྩལ་པུའུ་དང་། ཁོར་ཡུག་སྲུང་སྐྱོང་པུའུ། ཆུ་བེད་པུའུ་སོགས་ཚན་པ་53གྱིས་བསྒྲུབ་རྒྱུར་རྩིས་སྤྲོད་རྒྱུའི་ཐག་བཅད་པ་དང་དེའི་ནང་སྣེ་འཁྲིད་ནས་ལས་འགན་སྒྲུབ་མཁན་ཚན་པ་16ཡོད་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་སོགས་ཆེད་དོན་ཨུ་ཡོན་ལྷན་ཁང་6ལ་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དུ་འཇུག་རྒྱུ་རེད་ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།