འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རིམ་སློབ་གསོའི་སློབ་མའི་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་
    ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན། ནོར་སྲིད་པུའུ་དང་། སློབ་གསོ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་ཁང་ལྟ་སྐུལ་ཨུ་ལྷན་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས་མཐོ་རིམ་སློབ་གསོའི་སློབ་མའི་རོགས་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་བཏང་སྟེ་སློབ་མའི་རོགས་སྐྱོར་སྲིད་ཇུས་གནད་སར་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་པ་བསྟན་ཡོད།
         བརྡ་ཐོའི་ནང་། ཚན་རིག་ཞིབ་འཇུག་ཁང་དང་། ཏང་གི་སློབ་གྲྭ། སྲིད་འཛིན་སློབ་གླིང་། རྩིས་གཉེར་སློབ་གླིང་སོགས་ཞིབ་འཇུག་སློབ་མ་གསོ་སྐྱོང་ཚན་པས་བླང་བྱ་ལྟར་ཞིབ་འཇུག་སློབ་མའི་བྱ་དགའ་དང་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ཞིབ་འཇུག་སློབ་མར་རོགས་སྐྱོར་འོས་འཚམ་ཐོབ་པར་བྱས་ནས་ཁུག་མི་ལུས་པར་བྱེད་དགོས་པ་དང་། ཉེར་མཁོའི་མ་དངུལ་དེ་ད་ལྟ་སྤྱོད་བཞིན་པའི་གཏན་འབེབས་དང་ཐབས་ལམ་ལྟར་ཐག་གཅོད་རྒྱུ་དང་། ཚན་རིག་ཞིབ་འཇུག་ཁང་སོགས་གསོ་སྐྱོང་ཚན་པས་སྔོན་རྩིས་དོ་དམ་སྒྲིག་སྲོལ་གྱི་བང་སྒྲིག་ལ་གཞིགས་ནས་སྔོན་རྩིས་བྱ་རྒྱུ་མ་ཟད་བྱ་གཞག་གི་ཡོང་འབབ་དང་སྤྱི་ཚོགས་ཀྱི་ཞལ་འདེབས་སོགས་མ་དངུལ་སྤྱི་འདོམས་དང་བེད་སྤྱོད་ཀྱིས་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         སྟ་གོན་སྡེ་ཁག་གི་སློབ་མས་གཏན་འབེབས་ལྟར་དེ་མཚུངས་སློབ་གསོའི་དུས་མཚམས་ཀྱི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་དང་ཉེན་ཁའི་ཁ་གསབ་དངུལ་བཅས་ཐད་མཁོ་བའི་མ་དངུལ་དག་དེ་མཚུངས་སློབ་གསོའི་དུས་མཚམས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཐབས་ལ་བལྟས་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ལས་སྒོའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཚན་རིག་ཞིབ་འཇུག་ཁང་དང་། ཏང་གི་སློབ་གྲྭ། སྲིད་འཛིན་སློབ་གླིང་། རྩིས་གཉེར་སློབ་གླིང་སོགས་མིག་སྔར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་ལས་སྒོ་བཙུགས་མེད་པའི་གསོ་སྐྱོང་ཚན་པས་2017ལོའི་སྟོན་ཀ་ནས་ཁྱོན་ཡོངས་ནས་འཛུགས་རྒྱུ་ཡིན་པ་དང་། དེའི་ནང་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མས་གནས་ཚུལ་ངོ་མ་གཞིར་བཟུང་ནས་སློབ་གྲྭའི་ནང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ནམ་ཡང་ན་སྐྱེ་ཁུངས་ས་ཆའི་ཡིད་རྟོན་སློབ་སྐྱོར་དངུལ་བུན་གང་རུང་འདུན་ཞུ་བྱས་ནས་འགྲོ་ལུགས་གཉེར་ཆོག
         བརྡ་ཐོའི་ནང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་གཞི་རིམ་དུ་བསྐྱོད་ནས་ལས་ཞུགས་བྱས་ཏེ་སློབ་ཡོན་ཁ་གསབ་དངུལ་བུན་འཇལ་བའི་སྲིད་ཇུས་བཏོན་མེད་པའི་ཞིང་ཆེན་གྱིས་2017ལོའི་ཟླ་4ཚེས་30ཉིན་གྱི་གོང་འབྲེལ་ཡོད་ཀྱི་སྲིད་ཇུས་འདོན་དགོས། སྐྱེ་ཁུངས་ས་ཆ་དང་། སློབ་སྦྱོང་བྱེད་སའི་མཐོ་སློབ་གནས་ཡུལ། ལས་ཞུགས་བྱ་ཡུལ་བཅས་ཞིང་ཆེན་གཅིག་ཏུ་མེད་པའི་སློབ་ཐོན་སློབ་མས“སུས་སྤྱོད་ན་དེས་སློབ་སྐྱོར་རོགས་དངུལ་སྤྲོད་པའི”རྩ་དོན་ལྟར་ལས་ཞུགས་བྱ་ཡུལ་གྱིས་སློབ་ཡོན་ཁ་གསབ་དངུལ་བུན་འཇལ་དགོས་ཞེས་ནན་བཤད་བྱས་ཡོད།
        དམངས་བཙུགས་མཐོ་སློབ་ཀྱི་སློབ་མ་དང་གཞུང་བཙུགས་མཐོ་སློབ་ཀྱི་སློབ་མས་གཏན་འབེབས་ལྟར་སློབ་སྐྱོར་རོགས་དངུལ་དང་སྦྱངས་འབྲས་ལེགས་ཐོན་དང་སློབ་སྐྱོར་དངུལ་སོགས་རྒྱལ་ཁབ་ཀྱི་སློབ་རོགས་སྲིད་ཇུས་གཅིག་མཚུངས་ངང་ལོངས་སུ་སྤྱོད་ཆོག ས་ཁུལ་ཁག་གིས་དམངས་བཙུགས་མཐོ་སློབ་ཀྱི་སློབ་སྐྱོར་དངུལ་བུན་ལས་སྒོའི་རྒྱབ་སྐྱོར་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དམངས་བཙུགས་མཐོ་སློབ་ཀྱི་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།