འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྲག་གསུམ་མཚོར་སྐོར་བའི་རི་ཁུལ་རྐང་འཁོར་འགྲན་བསྡུར་སྐབས་ལྔ་པ་ཟླ་བཞི་
    པའི་ཟླ་མཇུག་ཏུ་སྤེལ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་བྲག་གསུམ་མཚོར་སྐོར་བའི་རི་ཁུལ་རྐང་འཁོར་འགྲན་བསྡུར་སྐབས་ལྔ་པ་ཟླ་4ཚེས་30ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་སྤེལ་འགོ་ཚུགས་རྒྱུ་ཡིན་ཞིང་། འདི་ནི་ད་ལྟ་བར་དུ་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་མཚོ་སྐོར་རི་ཁུལ་གྱི་རྐང་འཁོར་འགྲན་བསྡུར་ཞིག་ཡིན་པ་རེད།
           འགྲན་བསྡུར་འདི་ནི་ད་ལྟ་བར་དུ་སྐབས་བཞི་སྤེལ་མྱོང་ཡོད་ལ། 2015ལོར་རྒྱལ་སྤྱིའི་འགྲན་བསྡུར་དུ་འཕར་ཞིང་། དབྱིན་ཇི་དང་ཨ་རི། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་ཀྱི་མི་སྣ་ཡང་ཞུགས་ཡོད། འགྲན་བསྡུར་གྱི་ལམ་ཚད་ནི་སྤྱི་ལེ་99ཡིན་ཞིང་། ཉིན་གཉིས་སུ་བགོས་ཡོད། ཉིན་དང་པོར་མཛེས་ལྗོངས་ཁུལ་གྱི་སྒོ་རྩ་ནས་འགོ་ཚུགས་ཏེ་སྔོན་ཆད་ཀྱི་མཚོ་སྐོར་རྒྱུ་ལམ་བརྒྱུད་བྱེ་ཕུ་གྲོང་ཚོ་བར་ཡིན་པ་དང་། ཉིན་གཉིས་པར་བྱེ་ཕུ་གྲོང་ཚོ་ནས་འགོ་ཚུགས་ཏེ་ཞེན་མཚོ་ཤུར་བརྒྱུད་རྔམ་བཟང་རྩྭ་ཐང་ནས་ཕྱིར་མཛེས་ལྗོངས་ཁུལ་གྱི་སྒོ་ཁར་འབྱོར་དགོས་པ་རེད། དེའི་ནང་གཞུང་ལམ་གྱི་མཚམས་དང་། བྱེ་རྡོའི་ལམ་མཚམས། རྩྭ་ཐང་གི་ལམ་མཚམས། ནགས་གསེབ་ཀྱི་ལམ་མཚམས། བྱེས་བགྲོད་ལམ་མཚམས་སོགས་ཡོད་པ་རེད།
           ཤེས་གསལ་ལྟར་ན། འགྲན་བསྡུར་གྱི་ལམ་ཐག་ཡོངས་ཀྱི་ས་བབ་མཐོ་ཚད་ནི་སྨི་3600ཟིན་ཡོད་སྟབས། ལུས་སྟོབས་རྒྱས་པོ་ཡོད་དགོས་པ་མ་ཟད། ལམ་བར་ཁག་ནི་མཚོ་ཆུ་དྭངས་ཤིང་རི་བོ་སྔོ་བའི་ཡིད་འོང་མཛེས་ལྗོངས་ཡིན་པ་རེད། བྲག་གསུམ་མཚོ་ནི་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་ཡིན་ལ། རྒྱ་ཁྱོན་ལ་མུའུ་དྲུག་སྟོང་ལྷག་ཙམ་ཡོད་ཅིང་། མཚོ་ཆུ་སྔོ་ཞིང་དྭངས་ལ། ཁོ་ར་ཁོར་ཡུག་ཚང་ཚིང་གི་ལྗོན་པས་ཁེབས་པ། རྒྱུན་དུ་མི་བཞུ་གངས་རིའང་ཡོད་པ་རེད།
           ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྡོད་ཁང་ཕྱི་རོལ་གྱི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་བ་དང་། ཕྱི་རོལ་ཐོན་ཁུངས་ཀྱི་འབུར་ཐོན་གནས་ཚུལ་བེད་སྤྱད་ལེགས་པོ་བྱས་པ། ད་དུང་བསྟུད་མར་ཀླུ་ནང་རི་ཁུལ་སྐོར་བའི་རྐང་འཁོར་འགྲན་བསྡུར་དང་། ཤོག་བུ་ལའི་གངས་རི་ཡི་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་མང་དུ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།