འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཐེངས་དང་པོའི་ནང་བོད་ཀྱི་རིག་དངོས་
    ཁྲི་13ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཐེངས་དང་པོའི་ཕྱོགས་སྡོམ་གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཐིལ་རྟོགས་བརྟག་དཔྱད་དང་རིག་དངོས་གཏན་འཁེལ་བྱས་པ་བརྒྱུད། 2016ལོའི་ཟླ་11པའི་བར་བོད་ཀྱིས་རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཆ་འཕྲིན་ཐོ་འགོད་ལས་སྟེགས་སུ་སྤོ་རུང་བའི་རིག་དངོས་ཁྲི་13ཐོ་འགོད་བྱས་ཡོད། སླད་ཕྱིན་ལོ་3ནང་བོད་ཀྱིས་གཞུང་ཁོངས་ཉར་ཚགས་སྡེ་ཚན་གྱི་སྤོ་རུང་བའི་རིག་དངོས་ལ་ཡོངས་བཤེར་ཟིན་པ་བྱས་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་། བོད་ལྗོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་སོགས་གཞུང་ཁོངས་རིག་དངོས་ཉར་ཚགས་ཚན་པ་1305ཡི་རིག་དངོས་ཁྲི་བརྒྱ་ལ་ཉེ་བར་ཡིག་ཚགས་བཟོ་རྒྱུ་མ་ཟད། རིག་དངོས་ཐོན་ཁུངས་ཀྱི་སྤྱིའི་དཀར་ཆག་དང་གྲངས་གཞིའི་ཐོན་ཁུངས་མཛོད་ཀྱང་འཛུགས་རྒྱུ་ཡིན་པ་རེད།
           རྒྱལ་ཡོངས་རིག་དངོས་ཐོན་ཁུངས་འབེལ་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པའི་བོད་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར་2012ལོའི་ཟླ་12པ་ནས་བཟུང་། བོད་ཡོངས་སུ་རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་དང་པོ་སྤེལ་བ་དང་ཡོངས་བཤེར་བྱ་ཁོངས་སུ་1965ལོའི་(ལོ་དེ་ཚུད་པ)གོང་གི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་སྒྱུ་རྩལ་དངོས་རྫས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞི་སོགས་དང་། གཞུང་ཁོངས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་གིས་ཉར་ཚགས་བྱས་པའི་1965ལོའི་རྗེས་ཀྱི་ཉར་ཚགས་དངོས་པོ། གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་སོགས་རིག་དངོས་ཚུད་ཡོད་པ་རེད།
           བོད་ཀྱི་སྤོ་རུང་བའི་རིག་དངོས་ཁྱབ་རྒྱ་ཆེ་བ་མ་ཟད། རིག་དངོས་མང་ཆེ་བ་གནས་ཡུལ་གྱི་ཆ་རྐྱེན་ཞན་པ་དང་། གནམ་གཤིས་སྐྱོ་བ། འགྲིམ་འགྲུལ་སྟབས་བདེ་མེད་པ་བཅས་ཡོད། དེས་ན་ཡོངས་ཁྱབ་ཞིབ་བཤེར་ལས་དོན་བདེ་བླག་ངང་སྤེལ་ཆེད། རྒྱལ་ཁབ་ཀྱི་བླང་བྱ་དང་བཀོད་སྒྲིག་ལྟར་བོད་ཀྱིས་འཕྲལ་དུ་ཡོངས་བཤེར་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཀྱང་དེ་འབྲེལ་གྱི་ཡོངས་བཤེར་སྒྲིག་གཞི་བཙུགས་ཏེ་བོད་ཡོངས་ཀྱི་ཡོངས་བཤེར་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བྱས་པ་མ་ཟད། བོད་ཀྱི་རིག་དངོས་མང་ཆེ་བ་དགོན་སྡེར་གནས་པའི་དམིགས་བསལ་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་《བོད་ཡོངས་ཀྱི་དགོན་སྡེར་རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཐེངས་དང་པོའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་》མཉམ་དུ་བཏང་སྟེ་རིག་དངོས་སྡེ་ཚན་གྱིས་གཙོ་ཁྲིད་དང་། སྤྱི་བདེ་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ། འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་ཆོས་ལུགས། དགོན་སྡེ་དོ་དམ་ཨུ་ལྷན། དྲིལ་བསྒྲགས། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་སོགས་སྡེ་ཚན་མཉམ་དུ་ཞུགས་པ་དང་ལག་ལེན་བསྟར་བའི་མཉམ་སྒུལ་ལམ་སྲོལ་བཟོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།