འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལས་ཞོར་རི་འཛེགས་པ་22ཇོ་མོ་གླང་མར་འཛེགས་པར་རྡོག་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་12ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་ཀྲུང་གོའི་ལས་ཞོར་རི་འཛེགས་པ་22ལྷ་ས་ནས་རྡོག་ཐོན་ཏེ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་ཇོ་མོ་གླང་མའི་སྒར་ས་ཆེན་པོར་བསྐྱོད་ཅིང་། ཁོང་ཚོས་འཛམ་གླིང་གི་རི་རྩེ་མཐོ་ཤོས་ཇོ་མོ་གླང་མར་འཛེགས་རྒྱུ་རེད། གལ་ཏེ་ལམ་དུ་རྒྱུག་པོ་བྱུང་ན། རི་འཛེགས་པ་ཁག་འདི་ཟླ་བ་5པའི་ཟླ་དཀྱིལ་ལམ་ཟླ་མཇུག་ཏུ་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་པའི་རེ་བ་ཡོད་པ་རེད།
         བདེ་འཇགས་འགན་སྲུང་དང་ཞབས་ཞུ་ལས་ཀ་ཡག་པོ་སྒྲུབ་ཆེད། བོད་ལྗོངས་ཡར་ལྷ་ཤམ་པོ་རི་མཐོར་ཉེན་བརྟག་མྱུལ་དཔྱད་ཀུང་སི་ཡིས་རིར་ཞབས་ཞུ་མི་སྣ་110ལྷག་མངག་གཏོང་བྱས་ཡོད་པ་དང་། དེ་ནི་5ཡིས་1ལ་ཞབས་ཞུའི་འགན་སྲུང་ཚད་གཞི་མངོན་འགྱུར་བྱ་རྒྱུ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་བོད་ལྗོངས་ཀྱི་དཔྱིད་དུས་རི་འཛེགས་བྱེད་སྒོ་ཉེ་སྔོན་ནས་འགོ་ཚུགས་ཟིན་པ་དང་། རི་འཛེགས་པ་300ལྷག་གིས་ཇོ་མོ་གླང་མ་ཚུད་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8000ཡན་ཡོད་པའི་རི་བོར་འཛེགས་རྒྱུ་ཡིན་ཞིང་། དེའི་ཁྲོད་དུ་མི་བརྒྱ་ལྷག་གིས་ཇོ་མོ་གླང་མར་འཛེགས་རྒྱུ་རེད།
         བོད་ལྗོངས་སུ་རི་བོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། དེའི་ཁྲོད་དུ་རི་བོ་ཇོ་མོ་གླང་མ་ཚུད་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8000ཡན་ཡོད་པའི་རི་བོ་5ཡོད་པ་རེད། རི་བོ་ཇོ་མོ་གླང་མ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8844.43 ཡོད་ཅིང་། དེ་ནི་འཛམ་གླིང་ཐོག་རི་བོ་མཐོ་ཤོས་ཡིན་ཞིང་། རི་བོ་ཧི་མ་ལ་ཡའི་རི་རྒྱུད་བར་རྒྱུད་ཀྱི་ཀྲུང་གོ་དང་བལ་ཡུལ་གྱི་མཐའ་མཚམས་སུ་གནས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།