འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་མའི་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧུའེ་འཛིན་རྒྱུའི་བཀའ་རྒྱ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་31ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁོ་རེ་ཡ་ལྷོ་མའི་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧུའེ་འཛིན་རྒྱུའི་བཀའ་རྒྱ་བཏང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན་གྱི་ཞོགས་པར། ཁོ་རེ་ཡ་ལྷོ་མའི་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧུའེ་འཛིན་རྒྱུའི་བཀའ་རྒྱ་བཏང་བ་དང་། འཕྲལ་མར་ཕེའོ་ཅིན་ཧུའེ་ཁོ་རེ་ཡ་ལྷོ་མའི་རྒྱལ་ས་སེ་ཨོལ་(Seoul)གྱི་ལྟ་སྐྱོང་ཁང་དུ་སྐྱེལ་སྤྲོད་བྱས་པ་རེད།
             སེ་ཨོལ་ཀྲུང་དབྱང་ས་གནས་ཁྲིམས་ཁྲིམས་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་31ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་10ཡས་མས་སུ། འཛིན་རྒྱུའི་བཀའ་རྒྱ་བཏང་བ་རེད། ཁྲིམས་ཁང་གི་གསལ་བསྒྲགས་ཤིག་ཏུ། ཞིབ་དཔྱོད་ཕྱོགས་ནས་ཕེའོ་ཅིན་ཧུའེ་ལ་དོགས་ཡོད་ཉེས་མིང་ཡོད་པ་དང་ཕེའོ་ཅིན་ཧུའེ་ཡིས"དཔང་རྟགས་མེད་པར་བཟོ་ཉེན་ཡོད་ཚུལ"བཏོན་པར་གཞིགས་ནས་ཁྲིམས་ཁང་གིས་བཟུང་བ་ཡིན་ཞེས་བརྗོད་ཡོད་པ་རེད།
            དེ་ནས་ཆུ་ཚོད་གཅིག་གི་རྗེས་སུ། སེ་ཨོལ་གྱི་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཐིང་ནས་རླངས་འཁོར་ནག་པོ་ཞིག་ཏུ་ཕེའོ་ཅིན་ཧུའེ་སེ་ཨོལ་ལྟ་སྐྱོང་ཁང་དུ་སྐྱེལ་སྤྲོད་བྱེད་པར་འཁྲིད་པ་རེད།
            ཟླ་3ཚེས་30ཉིན་གྱི་སྔ་དྲོར། ཕེའོ་ཅིན་ཧུའེ་ཁྲིམས་ཁང་དུ་འབྱོར་ནས་འཛིན་རྒྱུའི་བཀའ་རྒྱ་མ་བཏང་གོང་ཁྲིམས་ཁང་གི་འདྲི་ཞིབ་ལ་ཞུགས་པ་རེད། ཁྲིམས་ཁང་དུ་ཆུ་ཚོད་9རིང་བསྟུད་མར་འདྲི་ཞིབ་བྱས་རྗེས་ཉིན་དེའི་དགོང་མོའི་ཆུ་ཚོད་7པ་ཡས་མས་སུ་མཇུག་བསྒྲིལ་བ་རེད། ཕེའོ་ཅིན་ཧུའེ་ཁྲིམས་ཁང་གི་ཁ་སྤྲོད་དུ་ཡོད་པའི་སེ་ཨོལ་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཐིང་དུ་སྐྱེལ་སྤྲོད་བྱས་པ་དང་དེ་གར་ཞག་སྡོད་བྱས་ཏེ་ཁྲིམས་ཁང་གི་གྲོས་ཐག་མཇུག་འབྲས་ལ་སྒྲུག་པ་རེད།
             ཕེའོ་ཅིན་ཧུའེ་ཁྲིམས་ཁང་དུ་འབྱོར་བ་ནས་ལྟ་སྐྱོང་ཁང་དུ་སྐྱེལ་བའི་བར། སྨྱན་སྦྱོར་གསར་འགོད་ཕྱོགས་ལ་ཚིག་གཅིག་ཀྱང་བཤད་མེད་པ་རེད། ཁྲིམས་ཁང་གི་མི་སྣ་ཞིག་གིས་སྨྱར་སྦྱོར་བར་ཕེའོ་ཅིན་ཧུའེ་དང་། ཁོ་མོའི་ཁྲིམས་རྩོད་པ་གཉིས། གཞན་ཞིབ་དཔྱོད་དཔོན་6བཅས་ཁྲིམས་ཁང་གི་འདྲི་ཞིབ་ཏུ་ཞུགས་པ་རེད་ཅེས་བརྗོད་པ་རེད།
             ཤེས་རྟོགས་བྱུང་གསལ་དུ། ཁྲིམས་ཁང་གིས་འཛིན་བཟུང་བཀའ་རྒྱ་བཏང་རྗེས། ཞིབ་དཔྱོད་ཕྱོགས་ནས་ཉིན་20རིང་མུ་མཐུད་བརྟག་དཔྱད་བྱས་ཆོག་པ་དང་། མཐའ་མར་དངོས་སུ་ཕེའོ་ཅིན་ཧུའེ་ཁྲིམས་གཏུགས་བྱས་ཆོག་པ་རེད།
             ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧུའེ་ལ་ཙུང་ཐུང་གི་དབང་ཆ་གང་བྱུང་དུ་སྤྱད་པའི་དོགས་གཞི་དང་། ལྐོག་རྔན་ཁོ་རེ་ཡའི་སྒོར་དུང་ཕྱུར་298བླངས་པ། གསང་བ་ཕྱིར་ཤོར་སོགས་ཀྱི་བྱས་ཉེས་ཁག་13གྱི་དོགས་གཞི་ཡོད་པའི་ཉེས་མིང་བཏོན་ཡོད་ཅིང་། ཟླ་3ཚེས་27ཉིན། ཁྲིམས་ཁང་དུ་འཛིན་རྒྱུའི་རེ་བ་ཞུ་རྒྱུའི་ཐག་བཅད་པ་རེད། ཁོ་རེ་ཡ་ལྷོ་མའི་སྨྱན་སྦྱོར་གྱིས་སྔོན་དཔག་བྱས་ན། གལ་ཏེ་ལྐོག་རྔན་བླངས་པའི་འབྲེལ་ཡོད་བྱས་ཉེས་བདེན་པ་ཡིན་ན། ཕེའོ་ཅིན་ཧུའེ་ཕལ་ཆེར་ལོ་10དང་ཡང་ན་དེ་ཡན་གྱི་རིང་བཙོན་ཁང་ནང་སྡོད་དགོས་པ་རེད།
    ༄༅།།ཁོ་རེ་ཡ་ལྷོ་མའི་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧུའེ་འཛིན་རྒྱུའི་བཀའ་རྒྱ་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།