འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ལོ་རབས་རིག་པའི་བདེན་དཔང་ཡོད་པའི་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་ཤུལ་
    ཞིག་ཐོག་མར་སྔོག་འདོན་གསར་རྙེད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་2017ལོའི་ཟླ་3ཚེས་15ཉིན་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ལས་ཤེས་རྟོགས་བྱུང་གསལ་དུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་(བསྡུས་མིང་དུ་བོད་ལྗོངས་རིག་དངོས་ཞིབ་འཇུག་ཁང་ཞེས་འབོད་)གཉིས་ཀྱིས་བོད་ལྗོངས་སུ་སྔོག་འདོན་བྱེད་སྐབས། རིག་གནས་ཤུལ་དངོས་4000ལྷག་ཙམ་སྔོག་འདོན་བྱུང་ལ། གནའ་ཤུལ་དེ་ནི་ས་བབ་མཐོ་ཚད་སྨི་4600ཟིན་པའི་བོད་བྱང་ཐང་དུ་ཡོད་ཅིང་། དེ་ནི་མདོ་དབུས་མཐོ་སྒང་ལྟེ་གནས་ཁུལ་གྱི་ས་གཤིས་ཆགས་རིམ་དང་ལོ་རབས་རིག་པའི་བདེན་དཔག་ཡོད་པའི་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་རྫས་རྟོག་ཞིབ་ཐོག་མའི་གནའ་ཤུལ་ཞིག་ཡིན་པ་རེད།
            ཤེས་རྟོགས་བྱུང་གསལ་དུ། ཉ་རྟིང་གནའ་ཤུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་གནས་ཁུལ་བོད་བྱང་ཐང་གི་མཚེའུ་ཁུལ་དུ་ཡོད་ཅིང་། དེ་ནི་རང་སར་སྦས་པའི་རྡོ་ཆས་རྙིང་མའི་དུས་ཀྱི་ས་སྟོང་གི་གནའ་ཤུལ་ཞིག་ཡིན་ལ། གཞི་རྒྱ་ཆེ་ཞིང་རྡོ་བཟོས་ཐོན་རྫས་མང་བ། ས་རིམ་བསྟུད་མར་མུ་འབྲེལ་དུ་ཆགས་ཤིང་། ཁྱབ་ཁྱོན་ཆེ་ལ་རིག་གནས་རིག་གནས་ཤུལ་དངོས་ཕུན་སུམ་ཚོགས་པོ་ཞིག་ཡིན་པ་རེད། གནའ་ཤུལ་གྱི་ཤར་ནུབ་བར་དུ་སྤྱི་ལེ་0.5ཡོད་པ་དང་། ལྷོ་བྱང་བར་དུ་ཉུང་མཐར་ཡང་སྤྱི་ལེ་2ཡོད་པ། ས་ངོས་སུ་རྡུང་བཟོས་རྡོ་ཆས་མང་པོ་ཞིག་ཡོད་པ་རེད། 2016ལོར། ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་དང་བོད་ལྗོངས་རིག་དངོས་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གནའ་རྫས་བརྟག་དཔྱད་བྱེད་འགོ་བརྩམས་པ་རེད།
           བོད་ལྗོངས་རིག་དངོས་ཞིབ་འཇུག་ཁང་གི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཕྱི་རོལ་སྔོག་འདོན་ལས་དོན་སྤེལ་ནས་རྙེད་པའི་རིག་དངོས་སུ་རྡོ་གཡམ་པ་དང་། རྡོ་འདབ། འབྲད་གཞོག་རྡོ་ཆས། རྩེ་རྣོའི་རྡོ་ཆས་སོགས་ཚུད་ཡོད་པ་རེད། ཉ་རྟིང་རིག་གནས་རྣམ་པར་ཐུན་མོང་མ་ཡིན་ཁྱད་ཆོས་ལྡན་ཞིང་། རྡོ་འདབ་བཟོ་བའི་ལག་རྩལ་ནི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་རེད། རྡོ་འདབ་ལས་སྣོན་གྱི་ལག་རྩལ་འདི་ཉིད་མདོ་དབུས་མཐོ་སྒང་དུ་དར་བ་ལས་མི་ཚོགས་དང་རིག་གནས་ཀྱི་གནས་སྤོས་དང་སྤེལ་རེས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།
           འོད་འགྲེལ་འོད་ཀྱི་ལོ་རབས་ཀྱི་གཞི་གྲངས་ལས་ཚད་འཇལ་བྱས་པའི་ཐོག་མའི་མཇུག་འབྲས་ལ་གཞིགས་ན། ཉ་རྟིང་གནའ་ཤུལ་ནི་ད་ལྟ་དང་ལོ་ངོ་ཁྲི་3ཡི་བར་ཐག་ཡོད་ཅིང་། དེ་ནི་མིའི་རིགས་ཀྱི་རིམ་འགྱུར་དང་རྡོ་ཆས་རྙིང་མའི་རིག་གནས་ཞིབ་འཇུག་གི་དུས་སྐབས་གལ་ཆེན་ཞིག་ཡིན་པ་རེད། ཉ་རྟིང་གནའ་བོའི་མིའི་རིགས་ཀྱི་རིག་གནས་གནའ་ཤུལ་རྙེད་པ་ལས། དུས་སྐབས་དེ་དུས་སུ་མདོ་དབུས་མཐོ་སྒང་དེ་དྲོད་ཆེའི་ཁོར་ཡུག་ཡིན་པ་མཚོན་ཡོད་མ་ཟད། གསར་སྒྱུར་དུས་སྐབས་(ས་གཤིས་ལོ་རབས་ཀྱི་མིང་ཞིག་ཡིན་པ་)ཀྱི་གནའ་བོའི་མིའི་རིགས་ཀྱིས་མཐོ་སྒང་དུ་འཚོ་སྡོད་བྱེད་ཐུབ་ཡོད་པ་བསྟན་ཡོད་པ་རེད།
           དེ་གའི་ལས་བྱེད་མི་སྣས། གནའ་རྫས་བརྟག་དཔྱད་རིགས་པའི་ཆ་ནས་བཤད་ན། ཉ་རྟིང་གནའ་ཤུལ་སྔོན་འདོན་གསར་རྙེད་བྱུང་བ་ལས། བོད་ལྗོངས་ཀྱི་རྡོ་ཆས་རྙིང་མའི་དུས་ཀྱི་རིག་གནས་རྣམ་པའི་སྟོང་ཆའི་ཁ་སྐོང་ཡོད་པ་མ་ཟད། མིའི་རིགས་ཀྱིས་ཁོར་ཡུག་གསར་སྤེལ་ཐལ་དྲག་ལ་རྟོག་ཞིབ་བྱས་ཏེ་འཚོ་སྡོད་དང་ས་ཆུར་འཕྲོད་པའི་ནུས་པ་གསལ་པའང་རེད་ཅེས་བསྟན་པ་རེད།
          ད་ལྟའི་བར་དུ། བོད་ལྗོངས་ཀྱིས་ཁྲོམ་བསྒྲགས་བྱས་པའི་རྡུང་བཟོས་རྡོ་ཆས་ཀྱི་ས་གནས་ཕལ་ཆེར་95ཙམ་ཡོད་ཅིང་། དེའི་ནང་དུ་རིག་གཞུང་ལས་རིགས་ཀྱིས་ཁས་ལེན་པའི་རྡོ་ཆས་རྙིང་མའི་དུས་ཀྱི་ས་གནས་8ཡོད་པ་རེད། འོན་ཀྱང་། ས་གནས་དེ་དག་གི་རྡོ་ཆས་མ་དཔེ་ཚང་མ་ས་ངོས་ལས་བླངས་པ་ཡིན་ལས། བློས་འཁེལ་རུང་བའི་ས་རིམ་གྱི་གཞི་འཛིན་ས་མེད་སྟབས། ལོ་རབས་ཀྱང་གཏན་འཁེལ་བྱེད་དཀའ་བར་གྱུར་ཡོད་པ་རེད།
           བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལྟ་བོད་ལྗོངས་སུ་གནས་སྤོས་བྱེད་མི་ཆོག་པའི་རིག་དངོས་4277ཡོད་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་55ཡོད་པ་རེད། གནས་སྤོས་ཆོག་པའི་རིག་དངོས་ཡོངས་བཤེར་གྱི་ལས་དོན་སྤེལ་བའི་ཁྲོད། ཁྱོན་བསྡོམས་རིག་དངོས་114167བསྡུ་ལེན་བྱས་ཡོད་ལ། ཐོ་འགོད་བྱས་པ་ནི་103405ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།