འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞོགས་པའི་ཉི་གཞོན་བྱང་རྩྭ་ཐང་དུ་ཤར་སྐབས་བོད་ལྗོངས་ཨ་མདོ་རྫོང་དམར་ཆུ་ཤང་གྲོང་ཚོ་བཞི་པའི་ངག་དབང་རྒྱལ་པོ་གྲོང་ཚོའི་མདུན་གྱི་དམར་ཆུ་གཙང་པོ་ནས་ཆུ་ལེན་པར་བསྐྱོད།
        འབྲི་ཆུའི་ཆུ་འགོ་ཡིན་པའི་དམར་ཆུས་ས་ གནས་དེ་གའི་འབྲོག་པ་རྣམས་བསྐྱངས། སྐྱས་སྤོས་ཀྱི་འཚོ་བ་མཇུག་འགྲིལ་བ་དང་དུས་རབས་ཀྱི་འཕོ་འགྱུར་དང་འདུ་ཤེས་གསར་པས་བོད་བྱང་ཐང་གི་འབྲོག་པ་ཚོར་ཚོད་བགམ་གསར་པ་ཞིག་སྦྱིན།
         འབྲི་ཆུའི་ཆུ་འགོར་གནས་པ་དེར་འཚོ་བ་སྐྱེལ་མཁན་འབྲོག་པ་ཚོར་འགན་འཁྲི་གསར་པ་ཞིག་དཀྲིས་ཤིང་། ཐེངས་ཤིག་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་རླངས་འཁོར་རུ་ཁག་ཞིག་གི་བྱེས་བགྲོད་རླངས་འཁོར་4མུན་པ་མ་རུབ་གོང་བྱང་སྒོ་ཏེ་རུར་འབྱོར་བ་བྱེད་དགོས་བསམ་ཡང་ལམ་རྒྱུས་མངའ་མེད་པའི་དབང་གིས་རླངས་འཁོར་དིམ་ནས་འཐེན་སྐབས་རྩྭ་ཐང་ཐོག་འོབ་དོང་ཆེན་པོ་ཞིག་དྲུད་དེ་རྩྭ་ཐང་ལ་གཏོར་སྐྱོན་ཐེབས།
         ངག་དབང་རྒྱལ་པོས་གནས་ཚུལ་དེ་མཐོང་རྗེས་འཕྲལ་དུ་དམར་ཆུ་ཤང་སྲིད་གཞུང་ལ་སྙན་སེང་ཞུས། ཤང་སྲིད་གཞུང་གིས་རོགས་སྐྱོབ་མི་སྣ་བཏང་ནས་རོགས་རམ་བྱས་ཏེ་ཁོང་ཚོ་རང་སར་ལོག་དགོས་པའི་ཁ་ཏ་བསླབ་བྱ་ཡང་བྱས། རླངས་འཁོར་རུ་ཁག་གི་རུ་མིས་རྩྭ་ཐང་ལ་གཏོར་སྐྱོན་བཏང་བར་དངུལ་སྤྲོད་རྩིས་བྱེད་སྐབས་ངག་དབང་རྒྱལ་པོས་མ་བླངས་པར། “གལ་ཏེ་ཁྱེད་ཚོ་འབྲི་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་དུ་རླངས་འཁོར་བཏང་ནས་མ་ཡོང་ན། ཁྱེད་ཚོས་ང་ཚོར་སྐྱིན་གསབ་འཇལ་བ་ལས་ལྷག”ཅེས་བཤད།
         དམར་ཆུ་ཤང་གིས“འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱེད་པའི་དམངས་ཡོངས་ཀྱི་བྱ་སྤྱོད”ལག་བསྟར་བྱས་པ་དང་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཚོས་རང་འགུལ་ངང་སྣོད་བཅུད་སྲུང་སྐྱོང་གི་སྐོར་གཡེང་རུ་ཁག་སྒྲིག་འཛུགས་བྱས་ཏེ་རང་འགུལ་ངང་སྐོར་གཡེང་བྱེད་པ་དང་། རོགས་སྐྱོབ་བྱེད་པ། འགྱིག་རྫས་གད་སྙིགས་བསྒྲུགས་པ་བཅས་བྱས་ནས་འབྲི་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་ཀྱི་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་དབང་རིག་འཛིན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ནག་ཆུ་བ་ཞིག་ཡིན་པས་བོད་བྱང་ཐང་གི་སྣོད་བཅུད་སྲུང་སྐྱོང་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། “གཙང་གསུམ་ཆུ་འགོའི་སྲུང་སྐྱོང་ལྟེ་ཁུལ་ཡིན་པའི་སྐུ་ལ་དར་གདོང་དུ་སྲུང་སྐྱོང་ཁུལ་དབྱེ་ཚུན་དངོས་ཡོད་ཀྱི་དོ་དམ་གཏོགས་ཁོངས་དང་སྲིད་འཛིན་དབྱེ་འབྱེད་གཅིག་གྱུར་མ་བྱུང་བར་བརྟེན་འགལ་ཟླ་ལྷག་པ་དང་འབྲེལ་ལས་ཀའི་ཐད་ག་བྱེད་འདི་བྱེད་མེད་པའི་གནད་དོན་མང་པོ་འཕྲད་ཡོད”ཁོང་གིས་སྣོད་བཅུད་སྲུང་སྐྱོང་གི་གཙོ་གནད་ཁུལ་ཞིག་ཡིན་པའི་སྐུ་ལ་དར་གདོང་དུ་དོ་དམ་ཐད་མཐུད་འབྲེལ་ནུས་ལྡན་བྱེད་པ་དང་སྲིད་འཛིན་གྱི་བཀག་རྡོ་ལས་སྒྲོལ་ཏེ་མཉམ་དུ་བྱ་སྤྱོད་སྤེལ་བ་དང་། མཉམ་དུ་སྲུང་སྐྱོང་བྱེད་པ། མཉམ་དུ་ཞུགས་པ། མཉམ་དུ་དོ་དམ་བཅས་བྱས་ནས་འབྲི་ཆུའི་ཆུ་འགོའི་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས་འབྲི་ཆུའི་ཆུ་འགོ་སྐུ་ལ་དར་གདོང་གི་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་ལ་དོ་དམ་སྒྲིག་སྲོལ་དང་སྲུང་སྐྱོང་གི་འདུ་ཤེས་བོད་དང་མཚོ་སྔོན་གཉིས་མི་འདྲ་བས། མིག་སྔར་སྣོད་བཅུད་སྲུང་སྐྱོང་རྣམ་གྲངས་ལ་མ་དངུལ་གཏོང་མི་བདེ་བའི་གནས་ཚུལ་ལྷག་ཡོད་ཅེས་གསུངས་ཞིང་། དོན་དེར་དམིགས་ནས་ཁོང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་ཞིབ་སྡེ་ཚན་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་པ་དང་ཞིབ་འཇུག་ལས་དོན་ནང་ཞུགས་ནས་ལྟ་སྐུལ་ཚོད་འཛིན་དང་། ཞིབ་འཇུག་དང་བརྡར་ཤ་གཅོད་པ། སྔོན་བརྡ་གཏོང་བའི་ལས་དོན་སྒྲུབ་པ་བཅས་བྱས་ནས་ཧ་ཅང་ཁུངས་བཙན་གྱི་ཚན་རིག་གཞི་གྲངས་ཐོག་ནས་ལུགས་མཐུན་ངང་བརྡར་ཤ་གཅོད་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ། རྒྱལ་ཁབ་ཀྱིས་སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་སྐྱིན་གསབ་ཀྱི་ཚད་གཞི་འོས་འཚམ་ངང་སྤར་ནས་ས་གནས་དེ་གའི་མང་ཚོགས་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་རྒྱུའི་ཧུར་བརྩོན་རང་བཞིན་ཆེ་རུ་འགྲོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཨ་མདོ་རྫོང་གིས་སྒུག་ནས་མ་བསྡད་པར་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་གོམ་སྟབས་སྔོན་ལ་སྤོས་ཤིང་། ད་ཆ་ཨ་མདོ་རྫོང་དུ་འབྲི་ཆུའི་ཆུ་འགོའི་འཁྱགས་རོམ་དུ་སྐྱོད་སའི་ལམ་མེད། དེ་ནི་ལམ་བཟོ་རྒྱུའི་དངུལ་མེད་པ་མ་ཡིན་པར་འབྲི་ཆུའི་ཆུ་འགོར་གཏོར་སྐྱོན་མི་ཕོག་པའི་ཆེད་དུ་ཡིན། ཨ་མདོ་རྫོང་གི་རྫོང་དཔོན་བཀྲ་ཤིས་ཕུན་ཚོགས་ཀྱིས་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པ་དང་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་ཁག་པོ་ཡོད། མེས་པོ་ཚོས་བཞག་པའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་མི་རུང་ཅེས་གསུངས་བྱུང་།
         རྫོང་དེས་ཡུལ་སྐོར་གསར་སྤེལ་བྱ་རྒྱུའི་བསམ་བློ་དོར་ནས“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པ”དང“མེས་པོ་ཚོས་བཞག་པའི་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་མི་གཏོང་བ”སོགས་ཀྱི་སྲུང་སྐྱོང་འདུ་ཤེས་བཏོན་པ་དང་འབྲེལ། སྣོད་བཅུད་སྲུང་སྐྱོང་ཁུལ་དུ་སྒོ་རྒྱག་རྣམ་པའི་སྲུང་སྐྱོང་བྱ་ཐབས་སྤྱད་དེ་ཆོག་མཆན་མེད་ན་མི་གཅིག་ཀྱང་མི་གཏོང་བ་དང་ལོ་ལྟར་ནོར་སྲིད་ནས་སྒོར་ཁྲི་20ལྷག་ཙམ་བཏང་སྟེ་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལས་དོན་ཐད་སྤྱོད་གི་ཡོད། ལོ་ལྔའི་ནང་ཨ་མདོ་རྫོང་གིས་སྣོད་བཅུད་སྲུང་སྐྱོང་ཐད་བྱ་དགའ་སྤྲོད་པའི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན་འབྲི་ཆུའི་ཆུ་འགོའི་ཉེ་འཁོར་དུ་ཕྱུགས་འཚོ་ཚད་མགོ་གྲངས་26942བར་ཉུང་དུ་ཕྱིན་པ་དང་རྩྭ་བཀག་རྒྱ་ཁྱོན་མུའུ་ཁྲི་106.64ཟིན་པ་དང་མང་ཚོགས་ལ་ཕྱུགས་བཀག་གི་མ་དངུལ་སྒོར་ཁྲི་7600ལྷག་ཙམ་སྤྲད་པ་རེད།
         དེ་དང་ཆབས་ཅིག་འདི་ལོའི་ཟླ་དང་པོར་ཨ་མདོ་རྫོང་གིས་གོང་རིམ་སྡེ་ཚན་ལ་སྙན་ཞུ་ཕུལ་ནས་འབྲི་ཆུའི་ཆུ་འགོའི་སྟོད་མ་ཤང་གི་གྲོང་ཚོ་4སྣོད་བཅུད་གནས་སྤོ་བྱ་རྒྱུ་དང་། ཆུ་འགོའི་ཁུལ་དུ་ཕྱུགས་བཀག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྒོ་རྒྱག་རྣམ་པའི་སྲུང་སྐྱོང་ལག་བསྟར་བྱ་རྒྱུ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།