འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་ཁེ་ལས་ལ་ཀྲུང་གོའི་ཁྲོམ་ར་སྔར་བཞིན་གལ་འགངས་ཆེན་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་17ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཱ་ཡུན་དང་ཨ་ལི་པ་པར་རྒྱུས་མངའ་ཤིན་ཏུ་ཆེ་བར་གྲགས་པའི་དབྱིན་ཇི་བ་ཏེང་ཁེན·ཁེ་ལ་ཁེས་བྲིས་པའི《ཨ་ལི་པ་པ་སྟེ། མཱ་ཡུན་གྱི་བྱ་གཞག་གི་རྨང་གཞི》ཞེས་པའི་ཚོང་ལས་ཀྱི་དེབ་དེ་དཔེ་སྐྲུན་བྱས་པས་ཤིན་ཏུ་བྲིན་ཁ་རྒྱུགས། ཉེ་ཆར་དེབ་དེའི་ཧྥ་རན་སེའི་ཡི་གེའི་པར་མ་ཧྥ་རན་སེར་དངོས་སུ་དཔེ་སྐྲུན་བྱས་པ་དང་ཁེ་ལ་ཁེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཧྥ་རན་སེར་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད།
         ཁེ་ལ་ཁེ་ཨ་རི་དང་། ཧྥ་རན་སེ། ཀྲུང་གོ་བཅས་ལ་འཚོ་བ་བསྐྱལ་མྱོང་། 1994ལོར་ཀྲུང་གོར་ཡོང་ནས་མ་འཇོག་བློ་འདྲིའི་ཁེ་ལས་བཙུགས་པར་བརྟེན་རིམ་གྱིས་མཱ་ཡུན་ངོ་ཤེས། ཁོང་གིས་དེབ་དེའི་ནང་མཱ་ཡུན་བཤད་ཡོད་ནའང་། མཱ་ཡུན་གྱི་སྐོར་བརྗོད་པ་ལས་ད་ཆའི་ཀྲུང་གོའི་དཔལ་འབྱོར་ཕྱོགས་འགྱུར་གྱི་འཕེལ་ཕྱོགས་གཉིས་ཏེ་སྒེར་དབང་དཔལ་འབྱོར་དང་དྲ་སྦྲེལ་ཀྲུང་གོར་འཕེལ་རྒྱས་མྱུར་པོ་བྱུང་དང་འབྱུང་བཞིན་པ་བསྟན་ཡོད་ཅེས་བཤད།
         ཁེ་ལ་ཁེས་མཱ་ཡུན་ནི་དྲ་སྦྲེལ་ལ་འབྲེལ་བ་ཐོག་མར་བྱེད་མཁན་ཀྲུང་གོ་བ་ཞིག་མིན་ནའང་། དྲ་སྦྲེལ་ལག་རྩལ་གྱི་མི་མངོན་པའི་སྟོབས་ཤུགས་དངོས་སུ་རྟོགས་མཁན་ཀྲུང་གོའི་གདོང་ལེན་པའི་གྲས་ཤིག་ཡིན། “དེབ་འདི་ཡག་པོ་ཞིག་འབྲི་ཐུབ་ཆེད། ངས་མཱ་ཡུན་དང་འབྲེལ་བའི་མི་སྟེ་མ་འཇོག་མཁན་དང་། བློ་འདོན་པ། འགྲན་ཡ་བཅས་ལ་བཅར་འདྲི་བྱས་པ་ཡིན”“མཱ་ཡུན་སློབ་ཆེན་གྱི་དབྱིན་ཇིའི་དགེ་རྒན་ཞིག་ནས་ཀྲུང་གོའི་ཕྱུག་བདག་དང་པོར་གྱུར་པ་དང་ཁོང་གི་གཏམ་རྒྱུད་ལ་ཕྱོགས་གང་ནས་ཀྱང་ལྟ་རིན་ལྡན་པ་ཞིག་ཡོད ”ཅེས་བཤད།
         ཁེ་ལ་ཁེས། ལོ་ཉི་ཤུ་ཙམ་རིང་ཀྲུང་གོའི་ཚོང་དོན་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2001ལོར་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་སྔ་རྗེས་སུ་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་མང་པོ་བཀུག་པ་དང་། 2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་བའི་རྗེས་ཀྲུང་གོའི་མ་འཇོག་ཁོར་ཡུག་སྐས་རིམ་གསར་པ་ཞིག་ཏུ་འཕོས་ཤིང་། མི་དམངས་ཤོག་སྒོར་གྱི་འཛའ་ཐང་འཕར་བ་དང་ཀྲུང་གོའི་ངལ་ནུས་མ་གནས་མཐོ་རུ་སོང་བས། ཕྱི་རྒྱལ་ཁེ་ལས་ཁག་གཅིག་གིས་ཐོན་སྐྱེད་རྟེན་གཞི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་སྤོས་པ་མ་ཟད། ཀྲུང་གོའི་རང་ཁོངས་ས་ཆའི་ཁེ་ལས་ལའང་འགྲན་རྩོད་ཤུགས་ཆེར་སོང་ནས་ཉེ་བའི་ལོའི་ནང་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་འགུགས་པའི་མྱུར་ཚད་ཆུང་དུ་སོང་ཡོད་ཅེས་དང་། ཡང་ཁོང་གིས་ཕྱི་རྒྱལ་གྱི་ཁེ་ལས་ལ་ཀྲུང་གོའི་ཁྲོམ་ར་སྔར་བཞིན་གལ་འགངས་ཆེན་པོ་ཡོད་ནའང་། ཀྲུང་གོའི་ཁྲོམ་རར་ཞུགས་པའི་ཐབས་ལམ་ལ་འགྱུར་བ་ཕྱིན་ཡོད་ཅེས་བཤད།
         ཁེ་ལ་ཁེས་2017ལོར་རྒྱང་ལྟ་བྱས་ཏེ་གོ་ལ་ཧྲིལ་པོར་ཕྱོགས་ཚེ། ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མགོ་འབུས་པ་དང་མ་འཇོག་ཁོར་ཡུག་གི་དཀའ་ངལ་དེ་བས་ཆེ་ནའང་། ཀྲུང་གོ་ཉིད་ཚོང་ཟོག་ཐོན་སྐྱེད་དང་འཛད་སྤྱོད་ཁྲོམ་ར་གལ་ཆེན་ཞིག་ཡིན་པ་སྨོས་མེད་ཡིན་ཁར་ཀྲུང་གོའི་ཞབས་ཞུའི་ཁྲོམ་རའང་ཉིན་བཞིན་གལ་འགངས་ཆེ་བར་འགྱུར་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།