འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ལེའང་ཧྲེང་ལི་ཡིས་ཁྲིམས་འཛུགས་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”ལ་
    གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           “‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། གོ་ལ་ཅན་གྱི་འཕེལ་ཕྱོགས་བརྟན་དུ་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ན། ཁྲིམས་འཛུགས་ལ་བརྟེན་ནས‘རྒྱུད་གཅིག་ལམ་གཅིག’སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པའི་འཐུས་མི་ལེའང་ཧྲེང་ལི་ཡིས་བརྗོད་ལ། ཁོང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཡར་སྐུལ་བཅའ་ཁྲིམས་བཟོས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་རྒྱུན་མཐུད་དང་། མྱུར་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
           “རྒྱུད་གཅིག་ལམ་གཅིག”ལག་ལེན་བསྟར་ཚུན་ཀྲུང་གོའི་གྲོགས་པོ་ཇེ་མང་དུ་སོང་བ་དང་རྒྱལ་སྤྱིར་ཤུགས་རྐྱེན་ཇེ་ཆེར་སོང་ནས་རྒྱལ་ནང་ལ་འཕེལ་རྒྱས་ཀྱི་ཚོང་དོན་གོ་སྐབས་བཟང་པོ་བྱུང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཡོད། འཐུས་མི་ལེའང་ཧྲེང་ལི་ཡིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པ་དེ་ཕྱི་ཕྱོགས་སྒོ་དབྱེའི་གྲུབ་ཆ་ཕྱོགས་སྒྱུར་བྱེད་པའི་རང་རྒྱལ་གྱི་དགོས་མཁོ་དང་མཐུན་ཡོད་ལ་ཀྲུང་གོའི་གཞི་རྒྱུ་འཁོར་རྒྱུག་ཕྱོགས་སྒྱུར་དང་རྒྱལ་སྤྱིའི་ཐོན་ལས་སྤོ་སྒྱུར་གྱི་དགོས་མཁོ་དང་ཡང་མཐུན་མོད། འོན་ཏེ“རྒྱུད་གཅིག་ལམ་གཅིག”ལས་རྒྱལ་ཁབ་ཕྱི་ནང་ལ་འཕེལ་རྒྱས་དང་མཉམ་ལས་ཀྱི་ཚོང་དོན་གོ་སྐབས་བཟང་པོ་བྱུང་བ་དང་ཆབས་ཅིག་གཏན་མི་འཁེལ་བའི་རྒྱུ་རྐྱེན་མང་པོ་ཞིག་ཀྱང་ཐོན་ཡོད། དེས་ན་ཁྲིམས་འཛུགས་ལ་བརྟེན་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་ཁྲིམས་འཛིན་འགན་ལེན་ནུས་ལྡན་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད་པ་རེད།
          བསྡོམས་རྩིས་ལྟར་ན། རང་རྒྱལ་གྱི་ཁྱོན་ཞིང་ཆེན་(གྲོང་ཁྱེར)དང་རང་སྐྱོང་ལྗོངས་18ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཐད་ཀར་ཞུགས་པ་དང་ཀྲུང་གོའི་ཁེ་ལས་ཕྱིར་བསྐྱོད་ནས་འཕེལ་རྒྱས་གཏོང་མཁན་བྱེད་པོ་ཞིག་ཏུ་གྱུར་ཡོད། དུས་མཚུངས་སུ་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་རྩ་འཇོག་ཚད་ཨ་སྒོར་དུང་ཕྱུར་སྟོང་ལྷག་ཙམ་ཟིན་ནས་མ་དངུལ་ཕྱིར་གཏོང་གི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དེ་གཞི་རྒྱུ་འཁོར་རྒྱུག་གི་དགོས་མཁོ་དང་ཏག་ཏག་མཐུན་ཡོད། འཐུས་མི་ལེའང་ཧྲེང་ལི་ཡིས་རིམ་ཁག་སྲིད་གཞུང་གི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་དགོས་ཤིང་། ཁྲིམས་འཛུགས་ལ་བརྟེན་ནས་ཕྱི་རྒྱལ་དུ་མ་རྩ་འཇོག་མཁན་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དུས་མཚུངས་སུ་རྒྱལ་ནང་དུ་ཆེད་དོན་ཁྲིམས་འཛུགས་ལས་དོན་སྤེལ་ཏེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ཁྲིམས་འཛིན་སྤེལ་རེས་དང་མཉམ་ལས་བྱས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྟེན་ནས་མ་འཇོག་དང་འཛུགས་སྐྲུན་བྱེད་མཁན་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།