འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“བློ་བདེའི་ཞིང་ལས་ཐོན་རྫས་ནི‘ཐོན་སྐྱེད’བྱས་ནས་བྱུང་བ་ཞིག་ཡིན་པ་མ་ཟད‘དོ་
    དམ’ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           —— “བློ་བདེའི་ཞིང་ལས་ཐོན་རྫས་ནི‘ཐོན་སྐྱེད’བྱས་ནས་བྱུང་བ་ཞིག་ཡིན་པ་མ་ཟད‘དོ་དམ’ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཁེ་ཁྲེང་ཆུས་ཀྱི་ཞིང་ལས་ཐོན་ཁུངས་རྒྱུ་ནོར་ཚོད་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲེན་ཡུས་ཧུང་གིས་གསུངས་ལ། ཁོང་གིས་ད་ཡོད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་སྟངས་དང་དེ་བཞིན་ཆད་གཅོད་བྱ་ཐབས་ཁག་གཅིག་ལ་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བྱེད་ཤུགས་མི་འདང་བས། ཁྲོམ་རའི་ནང་ཞུགས་ཆོག་པའི་ལམ་ལུགས་དེ་བཅའ་ཁྲིམས་ཤིག་ལ་འགྱུར་བ་བྱས་ཏེ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ཚད་མི་ལོན་པའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ནང་ཉོ་ཚོང་བྱ་རྒྱུ་གཏན་འགོག་བྱེད་པ་མ་ཟད། ཐོན་སྐྱེད་བྱེད་པོར་ལྡོག་སྐུལ་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།
          —— “གྲོང་གསེབ་ཀྱི་གནམ་ས་རྒྱ་ཆེ་བས་གང་སར་བྱས་རྗེས་གཏོད་ཐུབ”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི“ཞིང་པ་འབུམ་རམས་པ”མ་རུའེ་ཆང་གིས་གསུངས་ལ། ཁོང་གིས“གྲོང་གསེབ་ཀྱི་གནམ་ས་རྒྱ་ཆེ་བས། བྱ་གཞག་བཏོད་ནས་འབད་བརྩོན་བྱས་ཚེ་གྲུབ་འབྲས་ཐོབ་པའི་མྱོང་ཚོར་དང་ཐོབ་ཚོར་ཆེན་པོ་འདུག”ཅེས་གསུངས། ལོ་རབས་80ནང་སྐྱེས་པའི་འབུམ་རམས་པ་མ་རུའེ་ཆང་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་བྱ་གཞག་གཏོད་པར་བསྐྱོད། 2010ལོར་ཁོང་གིས་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལ་ཐེ་ཀྲུང་ཆི་ཝུའུ་ཅ་ཧོ་གྲོང་རྡལ་ལན་ཧྥུང་ཚོགས་ཆུང་གསུམ་པའི་གྲོང་མི་ཚོའི་སྣེ་ཁྲིད་ནས་ཞིང་ལས་མཉམ་ལས་ཁང་ཞིག་བཙུགས། ཚན་རྩལ་གྱི་གྲུབ་འབྲས་ནང་འདྲེན་དང་ཞིང་ལས་འཕྲུལ་ཆས་ཅན་ཁྱབ་གདལ་བཏང་བ་དང་འབྲེལ“དྲ་སྦྲེལ་དང་ཞིང་ལས་ཟུང་འབྲེལ”ཚོད་ལྟ་བྱས་བརྒྱུད“མཉམ་ལས་ཁང་དང་ཞིང་དུད་ཟུང་འབྲེལ”གྱི་གཉེར་སྐྱོང་དོ་དམ་རྣམ་པ་ཞིག་ཆགས་ནས་ཞིང་དུད་1000ལྷག་ཙམ་གྱི་སྣེ་ཁྲིད་དེ་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་བྱུང་བ་རེད།
          —— “‘མི་དང་བཅའ་དངོས་འཚོལ’དཀའ་བས། ཆ་འཕྲིན་གྱི་གྲངས་གཞི་འབོར་ཆེན་བརྟེན་ན། ཁྱེད་ལ་རོགས་རམ་བྱེད་ཐུབ”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སོག་ཀུའུ་ཅི་ཉིང་སློབ་འབྲིང་དང་པོའི་སློབ་སྤྱི་ལི་དབྱི་ཧྥེ་ཡིས་གསུངས། དེར་བརྟེན་ཁོང་གིས་རིག་ལྡན་གྲོང་ཁྱེར་དང་གྲངས་འཛིན་གྲོང་ཁྱེར་སྐྲུན་མགྱོགས་སུ་གཏོང་བ་དང་ཆ་འཕྲིན་གྱི་གྲངས་གཞི་འབོར་ཆེན་དང་ཆ་འཕྲིན་དུ་མ་བརྒྱུད་ཁྲིམས་ཁང་ལ‘མི་དང་བཅའ་དངོས་འཚོལ་བའི’ལས་དོན་སྒྲུབ་པར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གྲོས་འགོ་བཏོན་གནང་བ་རེད།
          —— “ཇ་ཞིམ་པོ་འཐུང་བར་མར་དཀྲོག་དགོས། བདེ་སྐྱིད་འཚོ་བ་སྐྱེལ་བར་དཀའ་སྤྱད་འབད་བརྩོན་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཧྥེ་ཤང་ཆུས་པོ་ཀྲའེ་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཝུའེ་ཁྲང་གིས་གསུངས། ལིའུ་ཝུའེ་ཁྲང་ལོ་གཅིག་ལ་སླེབས་སྐབས་བྱིས་པའི་སྦྲིད་ནད་ཕོག་ནས་རྐང་པ་གཡས་པ་དབང་སྐྱོན་དུ་གྱུར། ཕ་མ་གཉིས་པོས་ཁོང་ལ་གང་ཅིའི་ཐད་རེ་བ་ནན་པོ་བཅོལ་གྱི་ཡོད་སྟབས། སློབ་གྲྭར་སློབ་སྦྱོང་ཡག་པོ་བྱེད་དགོས་པ་མ་ཟད། ཁྱིམ་དུ་ཚལ་འདེབས་པ་དང་ཚལ་འཚོང་རོགས་བྱེད་དགོས་ཀྱི་ཡོད། སློབ་ཆེན་དུ་ཡིག་རྒྱུགས་ལོན་མེད་སྟབས། ཁོང་གིས་སློབ་ཡོན་རང་གྲབས་བྱས་ནས་ཆེད་ཚན་སློབ་གྲྭ་ཆེན་མོར་བསྐྱོད། སློབ་གྲྭ་ཐོན་རྗེས་ལས་ཀ་རག་མེད་པས་ཁོང་གིས་སློབ་གྲྭ་བཙུགས་པ་མ་ཟད། སྡོང་ཕྲུག་ཀུང་སི་ཞིག་གཉེར་ཏེ་ཡུལ་མི་ཚོ་ཕྱུག་འགྱུར་གྱི་ལམ་བུར་སྣེ་ཁྲིད་པ་དང་དབང་སྐྱོན་མི་སྣ་ལས་ཞུགས་བྱེད་རོགས་བྱས། ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།