འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་རིན་
    མེད་སློབ་གསོ་ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་16ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 《〈དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ“སློབ་གསོ་འཕེལ་རྒྱས་བཏང་ནས་ཁྱིམ་ཚང་ཁག་གཅིག་དབུལ་སྒྲོལ་ཐུབ་རྒྱུའི”ལས་ཀའི་དམིགས་ཚད་ཀྱི་བྱེད་ཐབས་ནུས་ལྡན་མངོན་འགྱུར་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་བཅས་དང་མཉམ་དུ་《བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་སྐབས་རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུའི་དོ་དམ་བྱེད་ཐབས་》(གཤམ་དུ་《བྱེད་ཐབས་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ཏེ་སློབ་གྲྭར་སྐྱོད་མུས་ཀྱི་བོད་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་སློབ་མར་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
         རིན་མེད་སློབ་གསོའི་ཁ་གསབ་སྤྲད་ཡུལ་ནི་ཐེམ་ཐོ་བོད་ལྗོངས་ནས་ཡིན་ཞིང་འཆར་གཞིའི་ནང་བསྡུས་པའི་ལྗོངས་ཕྱི་ནང་གི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སྤྱིར་བཏང་དངོས་གཞི་དང་ཆེད་ལས་ཚན་ཁག་(མཐོ་རིམ་ལས་རིགས་སློབ་གྲྭ་ཚུད་པ་)གི་མཐོ་རིམ་སློབ་གྲྭར་(དམངས་གཉེར་སློབ་གླིང་དང་སློབ་གྲྭ་ཚུད་པ་)སློབ་སྦྱོང་བྱེད་མཁན་སློབ་གྲྭར་སྐྱོད་མུས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་དངོས་གཞི་དང་ཆེད་ལས་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མ་ཡིན་ལ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ལག་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལག་ཁྱེར་ཡོད་མཁན་དང་དེ་བཞིན་གོང་གསལ་གྱི་ལག་ཁྱེར་གཉིས་ཀ་ཡོད་པའི་སློབ་གྲྭར་སྐྱོད་མུས་ཀྱི་སློབ་ཆེན་སློབ་མ་རེད།
         རིན་མེད་ཁ་གསབ་ནང་སློབ་ཡོན་དང་། ཉལ་ཁང་གི་དངུལ། སློབ་དེབ་ཀྱི་དངུལ་བཅས་རྩ་ཆག་གཏོང་རྒྱུ་ཚུད་ཡོད་པ་མ་ཟད། འཚོ་བའི་ཁ་གསབ་དངུལ་ཡང་སྤྲོད་རྒྱུ་རེད། འབྲེལ་ཡོད་ཚད་གཞི་དེ་སློབ་སྦྱོང་བྱེད་སའི་མཐོ་སློབ་ཀྱི་གྲོན་བསྡུའི་ཚད་གཞི་ལྟར་ལག་ལེན་བསྟར་རྒྱུའི་ནང་སློབ་ཡོན་དང་ཉལ་ཁང་གི་དངུལ་གྱི་ཚད་གཞི་དེ་བོད་ལྗོངས་ཀྱི་མཐོ་སློབ་ཀྱི་ལོ་དེའི་གྲོན་བསྡུའི་ཚད་གཞི་ལྟར་ལེགས་སྒྲིག་བྱ་རྒྱུ་དང་འཚོ་བའི་ཁ་གསབ་དངུལ་གྱི་ཚད་གཞི་དེ་བོད་ལྗོངས་ཀྱི་མཐོ་སློབ་ཀྱི་རྒྱལ་ཁབ་ཀྱི་རོགས་དངུལ་(དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་ཚད་གཞི། གཤམ་ལ་དེ་ཡང་དང་མཚུངས་)གྱི་ཆ་སྙོམས་ཚད་གཞི་ལྟར་ལེགས་སྒྲིག་བྱ་རྒྱུ་རེད།
         རིན་མེད་སློབ་གསོ་ལོངས་སུ་སྤྱོད་པའི་ལོ་ཚད་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་ཡུན་གྱི་ལོ་ཚད་ལ་གཞིགས་ནས་ཁ་གསབ་སྤྲོད་རྒྱུ་དང་རྒྱལ་ཁབ་ཀྱི་གཏན་འབེབས་ཀྱི་སློབ་ཡུན་གྱི་ལོ་ཚད་ལས་བརྒལ་རིགས་ལ་རིན་མེད་སློབ་གསོའི་ཁ་གསབ་དངུལ་མི་སྤྲོད་རྒྱུ་དང་། སློབ་སྦྱོང་དགོངས་ཞུ་དང་། སློབ་གྲྭ་ནས་དོན་པ། དབུལ་པོ་ལས་བསྒྲོལ་བ་དང་དེ་མིན་གནས་ཚུལ་འོག་མུ་མཐུད་སློབ་གྲྭར་མ་བསྐྱོད་པ་བཅས་བྱས་ན་རོགས་དངུལ་སྤྲོད་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་རེད།
         རིན་མེད་སློབ་གསོའི་ཁ་གསབ་གྲོན་དངུལ་དེ་བོད་རང་སྐྱོང་ལྗོངས་དང་། ས་ཁུལ་(གྲོང་ཁྱེར་)རྫོང་བཅས་རིམ་གསུམ་ནོར་སྲིད་ཀྱིས་མཉམ་དུ་འགན་འཁུར་རྒྱུ་རེད་།
         བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བོད་ལྗོངས་ཀྱི་མཐོ་སློབ་ཀྱི་ལོ་དེའི་གྲོན་བསྡུའི་ཚད་གཞི་(བབ་བསྟུན་ལེགས་སྒྲིག)གཞིར་བཟུང་ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་སློབ་མའི་སློབ་ཡོན་དང་། ཉལ་ཁང་གི་དངུལ། སློབ་དེབ་ཀྱི་དངུལ་(སློབ་མ་རེར་སློབ་དུས་རེར་སྒོར་400)རྩ་ཆག་གཏོང་རྒྱུ་དང་འབྲེལ་རང་ལྗོངས་ཀྱི་མཐོ་སློབ་ཀྱི་རྒྱལ་ཁབ་ཀྱི་རོགས་དངུལ་གྱི་ཆ་སྙོམས་ཚད་གཞི་ལྟར་འཚོ་བའི་ཁ་གསབ་དངུལ་སྤྲོད་རྒྱུ་རེད། དེར་མཁོ་བའི་མ་དངུལ་བོད་ལྗོངས་ཀྱི་མཐོ་སློབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མའི་ཐེངས་གཅིག་རང་བཞིན་གྱི་རོགས་དངུལ་སྲིད་ཇུས་དང་དགེ་འོས་སློབ་གྲྭ་ཁག་གཅིག་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་ཆེད་ལས་རིགས་ཀྱི་རིན་མེད་སློབ་གསོའི་མ་དངུལ་བསྡུ་སྒྲིལ་བྱས་ནས་སྤྲོད་རྒྱུ་དང་མི་འདང་བ་རྣམས་རང་སྐྱོང་ལྗོངས་ནོར་སྲིད་ནས་ལོགས་སུ་གྲབས་གསོག་བྱ་རྒྱུ་རེད། ས་ཁུལ་(གྲོང་ཁྱེར་)དང་རྫོང་རིམ་གཉིས་ནོར་སྲིད་ཀྱིས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་འགན་ཁུར་བ་ཕུད་པའི་སློབ་ཡོན་དང་། ཉལ་ཁང་གི་དངུལ། སློབ་དེབ་ཀྱི་དངུལ་བཅས་ཀྱི་མ་འདང་བའི་ཆ་སྤྲོད་རྒྱུའི་འགན་འཁུར་དགོས་པ་དང་འབྲེལ་རང་ཉིད་ཀྱི་ནོར་ཤུགས་དང་ཟུང་འབྲེལ་བྱས་ཏེ་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ནས་སློབ་གྲྭར་སྐྱོད་པའི་དེ་མིན་གྲོན་དངུལ་ཐག་གཅོད་བྱ་རྒྱུའི་སྐུལ་ལྕག་བྱེད་དགོས། མཁོ་བའི་མ་དངུལ་ཐད་སྔོན་ལ་ས་གནས་ཀྱི་རིགས་མཚུངས་སྲིད་ཇུས་བསྡུ་སྒྲིལ་གྱི་བྱེད་ཐབས་ཐོག་ནས་ཐག་གཅོད་བྱེད་དགོས།
          《བྱེད་ཐབས་》ནང་སློབ་གྲྭར་སྐྱོད་མུས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ལོངས་སུ་སྤྱོད་མི་ཆོག་ཀྱང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལམ་ཡང་ན་རྒྱལ་ཁབ་ཀྱིས་སྐུལ་ལྕག་གཏོང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལོངས་སུ་སྤྱོད་ཆོག་པ་དང་འབྲེལ་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་དང་སློབ་ཞོར་ལས་གནས་སོགས་ལོངས་སུ་སྤྱད་ཆོག བོད་ལྗོངས་ཀྱི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་ལྗོངས་ཕྱིའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མས་སློབ་གྲྭར་སྐྱོད་རིང་བོད་ལྗོངས་སུ་ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། རྒྱལ་ཁབ་ཀྱིས་སྐུལ་ལྕག་གཏོང་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན། སློབ་ཞོར་ལས་གནས་སོགས་རེ་ཞུ་བྱེད་ཆོག་པ་དང་ཆབས་ཅིག་མཐོ་སློབ་ཀྱིས་སློབ་མ་དེ་དག་ལ་སློབ་གྲྭའི་མ་དངུལ་རོགས་སྐྱོར་དང་སྤྱི་ཚོགས་མ་དངུལ་རོགས་སྐྱོར་བྱ་རྒྱུར་སྐུལ་ལྕག་བྱེད་དགོས། བོད་ལྗོངས་ཀྱི་སློབ་མ་པེ་ཅིང་དགེ་འོས་སློབ་ཆེན་དང་། ཧྭ་ཏུང་དགེ་འོས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན། ཧྭ་ཀྲུང་དགེ་འོས་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ལྷོ་ནུབ་སློབ་ཆེན་བཅས་དགེ་འོས་སློབ་ཆེན་6གི་ཞོར་གཏོགས་དགེ་འོས་སློབ་ཆེན་ལ་ཚུད་པའི་རིན་མེད་སློབ་གསོའི་དགེ་འོས་སློབ་མས་སྲིད་ཇུས་འདི་ལོངས་སྤྱོད་བྱ་མི་ཆོག བོད་རང་སྐྱོང་ལྗོངས་ཀྱི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་རིགས་ཀྱི་ཆེད་ལས་ཀྱི་རིན་མེད་སློབ་གསོའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་ཀྱི་ཆ་རྐྱེན་དང་འཚམ་པའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མས་དམིགས་བསལ་གྱིས་སྔོན་ལ་སྲིད་ཇུས་འདི་ལོངས་སུ་སྤྱོད་ཆོག་པ་དང་བོད་རང་སྐྱོང་ལྗོངས་ཀྱི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་རིགས་ཀྱི་ཆེད་ལས་ཀྱི་རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས་སམ་ཡང་ན་རིགས་འདྲའི་སྲིད་ཇུས་དུས་གཅིག་ཏུ་ལོངས་སུ་སྤྱོད་མི་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།