འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“ཞིང་ཁ་ནས་གསོལ་ལྕོག་བར”གྱི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པར་
    ཁུངས་འདེད་ཀྱི་མ་ལག་ནུས་ལྡན་གཏོད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བཟའ་བཅའི་བདེ་འཇགས་མི་སེར་གྱི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་མོད། འོན་ཀྱང་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་རྙོག་འཛིང་ཆེ་བའི་མ་ལག་འདུ་འགོད་ཅིག་རེད། ཚོགས་འདུ་གཉིས་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མ་ཡུས་ཧུང་དང་ཝང་ཨེར་ཧུའུ་ཡིས་གང་མགྱོགས་ཁུངས་འདེད་ཀྱི་མ་ལག་གཏོད་དེ་ལྷུ་ཚིགས་ཁག་གི་ཆ་འཕྲིན་ལ་ལྟ་སྐུལ་ཚོད་འཛིན་བྱས་ནས་བཟའ་བཅའི“ཞིང་ཁ་ནས་གསོལ་ལྕོག་བར་གྱི”བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་བདེ་འཇགས་མངོན་འགྱུར་ཡོང་བའི་གྲོས་འགོ་བཏོན་གནང་བ་རེད།
        “ཐོན་སྐྱེད་ཆེད་ལས་ཅན་དང་ལས་བགོས་རིམ་བཞིན་ཞིབ་ཚགས་ཅན་དུ་གྱུར་བས། བཟའ་བཅའི་ཐོག་མའི་རྒྱུ་ཆ་ཐོན་སྐྱེད་དང་ལས་སྣོན་བྱེད་པ་ནས་གསོག་ཉར་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་བར་གྱི་ལྷུ་ཚིགས་གང་རུང་ཞིག་གིས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐོན་སྲིད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲའན་ཤིས་ཞིང་ཆེན་རྩིས་བཤེར་ཐིང་གི་ཐིང་ཀྲང་གཞོན་པ་མ་ཡུས་ཧུང་གིས་གསུངས་པ་དང་ཁོང་གིས“བཟའ་བཅའི་ཁུངས་འདེད་ཀྱི་མ་ལག་ནི་ཆོག་འཐུས་ཀྱི་ཇུས་གཞི་ཞིག་རེད། ཕྱོགས་གཅིག་ནས་བཟའ་བཅར་གནད་དོན་ཐོན་སྐབས་འཕྲལ་མར་ཁུངས་འདེད་བྱེད་ཐུབ་ལ་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ཅན་གྱི་དོ་དམ་བྱས་པས་སྤུས་ཚད་འགན་ལེན་ཡང་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་བཟའ་བཅའི་ཁུངས་འདེད་ཀྱི་མ་ལག་གཏོད་རྒྱུ་དེ་ནི་རྩ་བའི་ཐོག་ནས་བཟའ་བཅའི་བདེ་འཇགས་ཀྱི་ཡུན་རིང་རང་བཞིན་དང་ཚན་རིག་རང་བཞིན་འགན་ལེན་བྱས་པ་ཞིག་ཡིན་པས་འཐབ་ཇུས་རང་བཞིན་ཆེན་པོ་ལྡན་ཡོད”ཅེས་གསུངས་པ་རེད།
        མ་ཡུས་ཧུང་གིས་བཟའ་བཅའི་ཁུངས་འདེད་ཀྱི་མ་ལག་གཙོ་གནད་ཞིང་ལས་ཐོན་ཟོག་ལ་ཐུག་པས། ཞིང་ལས་ཐོན་ཟོག་གི་ཁུངས་འདེད་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། མིག་སྔར་ཆུ་ཐོན་དངོས་ཟོག་ཁུངས་འདེད་ཀྱི་མ་ལག་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱིར་ན་མེད་རུང་ཆུ་ཐོན་དངོས་ཟོག་གསོག་ཉར་དང་སྐྱེལ་འདྲེན་ནི་བཟའ་བཅའི་བདེ་འཇགས་ཁྲོད་གནད་དོན་ཐོན་སླ་ཤོས་ཀྱི་ལྷུ་ཚིགས་ཤིག་ཡིན་པས། གསོ་ཚགས་དང་། སྐྱེལ་འདྲེན། གསོག་ཉར་བཅས་ཀྱི་ལྷུ་ཚིགས་ལ་དུས་དང་རྣམ་པ་ཀུན་ཏུ་ཚོད་འཛིན་དང་ཁུངས་འདེད་བྱས་ཏེ་ཐོག་མའི་ཐོན་ཟོག་དང་དེ་བཞིན་ལས་སྣོན་ཐོན་ཟོག་གི་བདེ་འཇགས་རང་བཞིན་འགན་ལེན་བྱེད་དགོས། དེ་དང་དུས་མཚུངས་ལམ་ལུགས་ཀྱི་གཅུན་འདོམས་དང་། སྲིད་འཛིན་གྱི་སྐུལ་སྤེལ། སྲིད་ཇུས་ཀྱི་རོགས་སྐྱོར་བཅས་ཀྱིས་ཁེ་ལས་དང་ཐོན་སྐྱེད་པས་བཀོལ་སྤྱོད་ཐུབ་པའི་ཁུངས་འདེད་ཀྱི་མ་ལག་ཅིག་གཏོད་རོགས་བྱེད་ཐུབ་ཅེས་གསུངས་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲའན་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཝང་ཨེར་ཧུའུ་ཡིས་ཞིང་ལས་ཐོན་ཟོག་གི་བདེ་འཇགས་ལ་དམིགས་ནས་ཞིང་ལས་ཐོན་ཟོག་གི་ཁྲོམ་རའི་འཇུག་འཐུས་དང་ཐོན་ཡུལ་ནས་བཏང་ཆོག་པའི་ལམ་ལུགས་རིམ་བཞིན་བཙུགས་ཚེ་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལྷུ་ཚིགས་དབར་སྦྲེལ་མཐུད་ཡག་པོ་བྱེད་ཐུབ། ཞིང་ལས་ཐོན་ཟོག་གི་འཁོར་རྒྱུག་ལྷུ་ཚིགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བས་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པའི་སྲུང་ཡོལ་གཉིས་པར་འགྱུར་ཐུབ་ཅེས་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།