འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་སྐལ་བཟང་སྒྲོལ་དཀར་གྱིས་ལྷོ་པ་རིགས་ཀྱི་བསམ་ཚུལ་མི་དམངས་ཚོགས་ཁང་
    ཆེ་མོར་བཤད་པ་ཡིན་ཞེས་བརྗོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། “ང་ནི་ལྷོ་པ་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན”ཞེས་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཨུ་ཡོན་སྐལ་བཟང་སྒྲོལ་དཀར་གྱིས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གཏམ་བཤད་སྟེགས་བུར་དེ་ལྟར་བརྗོད་ཅིང་། ཁོང་གིས“ངས་ང་ཚོའི་བསམ་ཚུལ་དང་རེ་འདུན་མི་དམངས་ཚོགས་ཁང་ཆེ་མོར་བཤད་པས་དཀའ་ངལ་མང་པོ་སེལ་རྒྱུར་ཕན་ཐོགས་བྱུང”ཞེས་ཀྱང་བཤད་པ་རེད།
         ཟླ་3ཚེས་11ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྐལ་བཟང་སྒྲོལ་དཀར་གྱིས་སྲིད་གྲོས་ཨུ་ཡོན་2000ལྷག་ལ་ཁོང་ཉིད་ཇི་ལྟར་བྱས་ཏེ“ཏང་དང་ལྷོ་པ་བའི་དབར་སེམས་ཐག་སྦྲེལ་ལམ་གྱི་ལམ་འདིང་བ་ཞིག”བྱས་ཚུལ་བརྗོད་པ་རེད།
         2013ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཆེན་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འགོ་ཁྲིད་སྲིད་གྲོས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་རིགས་མཉམ་འབྲེལ་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས། ཁོང་གིས་བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཀྱི་གྲོས་གཞིའི་ནང་དོན་སྐོར་གླེང་ཡོད། “དེ་དུས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འགོ་ཁྲིད་ཀྱིས་ལམ་བུ་བཟོ་རྒྱུ་ཁས་ལེན་གནང་བར”སྐལ་བཟང་སྒྲོལ་དཀར་དགའ་སྤྲོས་རབ་ཏུ་མྱོས།
         2013ལོའི་ཟླ་11པར་སྤྲ་རྨོག་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་གྱི་མཐའ་མའི་སྤྱི་ལེ་གཅིག་ཤར་གཏོང་ཐུབ་ནས་མེ་ཏོག་རྫོང་དུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེ་གོང“དོ་པོ་མིས་དབོར་རྒྱུ་ནི་དེ་གའི་སྐྱེལ་འདྲེན་བྱ་ཐབས་ཉག་ཅིག་ཡིན་པས། ལོ་ལྟར་ཕྱི་རོལ་ཡུལ་དང་འབྲེལ་བ་ཆད་ཡུན་ཟླ་8ཙམ་ཟིན་གྱི་ཡོད་པ་རེད”
         ཁོང་གིས་ངས“ཡུལ་མི་རྣམས་ཀྱི་བསམ་ཚུལ་དང་རེ་འདུན་པེ་ཅིང་དུ་ཞུས་པ་ཡིན། ངས་པེ་ཅིང་ནས་འཁྱེར་ཡོང་བའི་དགོངས་དོན་ཡུལ་མི་ཚོས་ཉན་བཞིན་ཏང་དང་སྲིད་གཞུང་རང་ཉིད་དང་བར་ཐག་ཉེ་བའི་སྣང་བ་ཡོང་གི་ཡོད”ཅེས་བཤད།
         སྐལ་བཟང་སྒྲོལ་དཀར་ལ་ལས་འགན་སྒྲུབ་སེམས་ཆེན་པོ་ཡོད་པ་དང་ཁྱིམ་མིའི་ངོ་རྒོལ་ལ་མ་བལྟོས་པར་མ་གཞི་ཀོང་པོ་རྒྱ་མདའ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་པའི་ཁོང་གིས་རང་འགུལ་ངང་མེ་ཏོག་ཏུ་རྫོང་དེའི་ཁྲིམས་འཛིན་ཅུས་ཀྲང་གཞོན་པའི་འགན་ཁུར། གཞི་རིམ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་ཆེད་རི་ཀླུང་བརྒལ་ནས་སྤྱི་ལེ་བཅུ་ཕྲག་ལ་སྐྱོད་རིམ་བཞིན་ཁོང་གིས་གྲོང་ཚོ་དབུལ་པོ་མི་ཉུང་བ་མཐོང་བ་དང་། དེ་ནས་སླར་ཡང་རང་འགུལ་ངང་སྔར་བས་གཞི་རིམ་དུ་བསྐྱོད་རྒྱུར་རེ་འདུན་ཞུས་ནས་སྟག་མོ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བྱས་ཏེ་ཡུལ་མི་ཚོར་དབུལ་སྒྲོལ་ལམ་བུ་འཚོལ་རོགས་བྱས་པ་རེད།
         2016ལོའི་ཟླ་5པར་ཁོང་གིས་མེ་ཏོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར།
         གསར་འགོད་པས་སྐལ་བཟང་སྒྲོལ་དཀར་ལ་བཅར་འདྲི་བྱེད་སྐབས། ཁོང་གིས“གཏམ་བཤད་བྱེད་སྐབས་འཚབ་སྣང་བྱུང་ལ་དགའ་སྤྲོའང་འཕེལ་བྱུང་། ང་རང་བོད་ལྗོངས་ས་མཐོ་ནས་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གྱི་དམངས་གཙོའི་གླེང་སྟེགས་མཐོ་ཤོས་སུ་བསྐྱོད་ཐུབ་པ་དང་། མི་སེར་གྱི་རེ་འདུན་ཕྲག་ལ་ཁུར་ཏེ་ལས་འགན་ཆུད་ཟོས་སུ་མི་གཏོང་བ་དང་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།