འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཙོར་བརྟེན་ནས་གསོན་ཤུགས་འཕེལ་ཞིང་མཐུན་སྒྲིལ་བྱས་ནས་ལེའུ་གསར་རྩོམ།

    —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བློ་རྩེ་གཅིག་སྒྲིམ་ངང་ཇུས་ཆེན་གླེང་། ཕྱར་བ་གྲུ་འདེགས་ཀྱིས་ཇུས་བཟང་བཏོན། ཟླ་3ཚེས་13ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་ང་ཚོས་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
         ཚོགས་ཆེན་དེ་སྤྱོད་བཟང་གཞུང་དྲང་དང་། གྲོས་བསྡུར་འཁྲུག་པོ་ཡོད་པ། གྲུབ་འབྲས་གཡུར་དུ་ཟ་བ། མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འཚོགས་ཡོད། ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་སྲིད་གྲོས་ལས་རིགས་ཁག་གི་མཉམ་འབྲེལ་ཚོགས་འདུར་ཕེབས་ནས་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་ཇུས་གྲོས་མོལ་དང་འབྱུང་འགྱུར་གྱི་འཆར་གཞི་མཉམ་འགོད་གནང་ཡོད། སྲིད་གྲོས་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་འགན་འཁྲི་ནན་སྒྲུབ་དང་། སྙིང་རུས་ཆེན་པོས་འགན་འཁྲི་འཁུར་བའི་ཐོག་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་ལ་གྲོས་བསྡུར་གཏིང་ཟབ་གནང་བ་དང་ཆབས་ཅིག་དངོས་མཐོང་བདེན་རྟོགས་ཀྱི་གྲོས་འགོ་རྩ་ཆེན་ཡང་མང་དག་བཏོན་གནང་ཡོད། ཨུ་ཡོན་ཚོས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་། འདྲ་མཉམ་གྲོས་བསྡུར་དང་ཟོལ་མེད་འབྲེལ་གཏུག་ལ་བརྟེན་ནས་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་དང་། ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས་འབྲི་བ། སྒྱུར་བཅོས་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད།
         དམངས་གཙོར་བརྟེན་ནས་གསོན་ཤུགས་འཕེལ། གྲོས་མོལ་བྱས་ནས་བློ་གྲོས་སྡུད། ཚོགས་འདུའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཤེས་ཡོན་ཅན་ཚོས་བྱས་རྗེས་ཧུར་ཐག་འཇོག་རྒྱུའི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་གསུང་བཤད་གལ་ཆེན་གནང་བ་མ་ཟད། ཤེས་ཡོན་ཅན་ལ་ཐུགས་ཁུར་དང་བརྩི་འཇོག་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཤེས་ཡོན་ཅན་ཚོར་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ཟབ་མོ་གནང་ལུགས་གང་ལེགས་མངོན་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་གྱིས་གནད་དོན་ལ་མི་གཡོལ་བ་དང་འགལ་བ་སྦ་གསང་མི་བྱེད་པར་སྐད་ཆ་དྲང་པོ་བཤད་པ་དང་གནས་ཚུལ་དངོས་གླེང་ལ། ཅི་བཤད་ཁུངས་ལྡན་དང་། བཤད་པ་དོན་ལྡན། བཤད་པ་ཚད་ལྡན། བརྗོད་བྱ་དོན་ལྡན་བཅས་ཡིན་པས་བློ་གྲོས་གཅིག་ཏུ་བསྡུས་པའི་གྲོས་གཞི་རེ་རེ་དང་དམ་པ་དོན་གཉེར་གྱི་གྲོས་བསྡུར་རེ་རེ་ལས་སྒྱུར་བཅོས་ལ་གསོན་ཤུགས་བསྣན་པ་དང་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་གནང་ཡོད། ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞབས་ཞུ་སྒྲུབ་ཆེད་ཐུན་མོང་གི་ངོས་འཛིན་གྲུབ་པ་དང་སྟོབས་ཤུགས་གཅིག་ཏུ་སྡུད་ཡོད།
         འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་གོ་སྐབས་་དང་དུས་བབ་སྔར་བཞིན་ང་ཚོའི་ཕྱོགས་སུ་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ། “ལོ་ལྔ་ཚན་བཅུ་གསུམ་པར”མུ་མཐུད་འབད་འཐབ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་ལ་དམ་པོར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཡི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་ཏུ་འགྲིལ་བའི་ཐོག་ནས་བློ་གཅིག་སེམས་གཅིག་དང་། མཉམ་ཤུགས་འགག་སྒྲོལ། སྙིང་རུས་ཆེན་པོས་མདུན་སྐྱོད་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་མཐོང་ཆེན་པོ་གནང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པ། གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་བཅས་ཀྱི་གླེང་མང་བ་དང་དཀའ་གནད་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཧུར་ཐག་མཚོན་པར་བྱེད་པ། དམངས་ཕན་གྱི་ཐབས་ཇུས་དོན་གཉེར་དང་དམངས་བདེ་ལ་འཁོད་པའི་ཇུས་གཞི་བཏོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་ལ་སྐུལ་མ་གཏོང་རྒྱུ་སྐས་རིམ་གསར་པར་སླེབས་པའི་ཐད་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོའི་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་དང་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད།
         མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན། མི་དམངས་སྲིད་གྲོས་སུ་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ཐུན་མོང་མ་ཡིན་པའི་གསར་གཏོད་དང་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ལྟ་སྐུལ་བྱེད་སྐབས་ལྟ་སྐུལ་དངོས་འབྲེལ་བྱེད་དགོས་པ་དང་སྒྲིག་ལམ་ལྟར་ལྟ་སྐུལ་བྱེད་དགོས། བསམ་བློའི་ཐོག“གཞུང་དྲང་དང་། འཆམ་མཐུན། ལྷག་བསམ། དངོས་སྒྲུབ”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལྟ་སྐུལ་བྱ་རྒྱུ་དེ་ངེས་པར་དུ་གཞུང་དྲང་དང་། འཆམ་མཐུན། ལྷག་བསམ། དངོས་སྒྲུབ་བཅས་ལ་བརྟེན་ནས་བྱེད་དགོས་པ་དང་། ལག་ལེན་ཁྲོད་གཙོ་གནད་མངོན་གསལ་དོད་པོ་དང་འབེན་ཡོད་སར་མདའ་འཕེན་ནས་གནས་པའི་དཀའ་ངལ་དང་། ཞན་ཆ། ཉམས་ཞན་ལྷུ་ཚིགས་བཅས་བཙལ་འཚོལ་ཡང་དག་བྱེད་པ་དང་འགག་རྩའི་ནང་དོན་ལ་དམ་པོར་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱེད་དགོས་པ། བྱ་ཐབས་ཐད་ཆེ་སར་དམིགས་པ་དང་ཆུང་ས་ནས་དམ་འཛིན་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གཙོ་བོ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཐོག་ཏང་སྲིད་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་རེ་སྒུག་བྱེད་སར་རེ་སྒུག་བྱེད་པ། སྲིད་གྲོས་ཀྱི་རང་ནུས་དང་བསྟུན་པ་བཅས་བྱས་ཏེ་གྲོས་མོལ་དང་། ལྟ་སྐུལ། མཉམ་ཞུགས། མཉམ་ལས་བཅས་གཞི་གཅིག་ཡོང་བ་བྱེད་པ་དང་། མཉམ་ཞུགས་ཁྲོད་རྒྱབ་སྐྱོར་བྱེད་པ་དང་། རྒྱབ་སྐྱོར་ཁྲོད་ཞབས་ཞུ་སྒྲུབ་པ། ཞབས་ཞུ་སྒྲུབ་རིང་ལྟ་སྐུལ་བྱེད་པ་བཅས་བྱས་ཚེ། མི་དམངས་སྲིད་གྲོས་ཀྱིས་ཏང་དང་སྲིད་གཞུང་ལ་སྔར་བས་གཞོགས་འདེགས་ཡག་པོ་བྱས་ནས་གནད་དོན་ཐག་གཅོད་དང་། ལས་སྒྲུབ་ལེགས་བཅོས། མཐུན་སྒྲིལ་དམ་ཟབ། སེམས་ནུས་གཅིག་སྒྲིལ་བཅས་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
         ལོ་རྒྱུས་ཀྱི་དམིགས་ས་ནི་འབད་འཐབ་པས་གཏན་འཁེལ་བྱས་པ་ཞིག་རེད། ང་ཚོ་རླབས་ཆེན་གྱི་དུས་རབས་ཤིག་ནང་འཚོ་བ་སྐྱེལ་བཞིན་ཡོད་པས་འབད་འཐབ་ཧུར་ཐག་བྱས་ཚེ་གཞི་ནས་ཕུགས་འདུན་འགྲུབ་ཐུབ། མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ལེགས་ཆ་མུ་མཐུད་དར་སྤེལ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཨུ་ཡོན་ཚོས་དཔའ་ངར་ཆེར་སྐྱེད་ཀྱི་འཐབ་སེམས་མུ་མཐུད་རྒྱུན་འཁྱོངས་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་འཕེལ་བ་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། འབད་འབུངས་ཡར་བརྩོན། བློ་རྩ་བརྟན་པོས་གསར་འབྱེད་བྱེད་པ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་བློ་གྲོས་དང་སྟོབས་ཤུགས་ཐོག་མཐའ་བར་གསུམ་དུ་གཅིག་ཏུ་སྒྲིལ་ཚེ། ང་ཚོའི་སྟོབས་ཤུགས་འགྲན་ཟླ་བྲལ་བ་དང་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།