འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥེ་རི་ཁའི་རྒྱ་མཚོའི་དཔལ་འབྱོར་གྱི་མི་མངོན་པའི་ནུས་པ་ཆེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་13ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “རྒྱ་མཚོའི་དཔལ་འབྱོར་གྱིས་ཨ་ཧྥེ་རི་ཁར་གོ་སྐབས་མང་པོ་སྦྱིན་པ་གང་ས་གང་ནས་མཐོང་རྒྱུ་ཡོད་པ་དང་། དངོས་ཟོག་དང་ཞབས་ཞུ་དང་འབྲེལ་བ་ཡོད་པའི་ཐོན་ལས་ཀྱི་རིན་ཐང་ཨ་སྒོར་དུང་ཕྱུར་ཁྲི་ཕྲག་ཙམ་ཟིན་གྱི་ཡོད་པ། ལས་ཞུགས་ལས་གནས་ཁྲི་བརྒྱ་གྲངས་གསར་གཏོད་ཐུབ་རྒྱུ་ཡིན”ཉེ་ཆར་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཏེ་ལཱ་མི་ཉི·ཙུའུ་མཱ་ཡིས་རྒྱ་མཚོའི་དཔལ་འབྱོར་དེ་འབྱུང་འགྱུར་ཨ་ཧྥེ་རི་ཁའི་བསྟུན་མཁས་རང་བཞིན་དང་རྒྱུན་སྲིང་རང་བཞིན་གྱི་དཔལ་འབྱོར་འཕར་བ་བྱེད་པའི་ཐབས་ལམ་གསར་པ་ཞིག་དུ་འགྱུར་རྒྱུ་ཡིན་ཞེས་གསུངས་པ་རེད།
         མིག་སྔར། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་《ཨ་ཧྥེ་རི་ཁའི་2063ལོའི་གྲོས་རིམ་》ནང་བཅུག་པ་དང་། 2015ལོ་ནས་2025ལོ་བར་གྱི་ཨ་ཧྥེ་རི་ཁའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་བཅུའི་འཆར་གཞི་བཏིང་བ་མ་ཟད། ལོ་ལྟར་གྱི་ཟླ་7ཚེས་25ཉིན་དེ“ཨ་ཧྥེ་རི་ཁའི་རྒྱ་མཚོའི་ཉིན་མོར”གཏན་འཁེལ་ཡང་བྱས་པ་རེད། 《ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་2050ལོའི་ཨ་ཧྥེ་རི་ཁའི་མཚོ་ཐོག་ཕྱོགས་བསྡུས་འཐབ་ཇུས་》ནང་རྒྱ་མཚོའི་དཔལ་འབྱོར་ནི་ཨ་ཧྥེ་རི་ཁ་བསྐྱར་དར་ཡོང་བ་བྱེད་པའི་ཐབས་ལམ་གསར་པ་དང་གཡུལ་ས་མདུན་མ་ལྟ་བུ་ཞིག་ཡིན། 2025ལོའི་གོང་དུ་ཨ་ཧྥེ་རི་ཁ་མནའ་འབྲེལ་སྒྲོམ་གཞིར་བྱས་པའི་འོག་གི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོས་མཐུན་ཞིག་བཞག་ནས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད་ཅེས་གསལ་སྟོན་བྱས་ཡོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་སྙན་ཞུ་ལྟར་ན། ཨ་ཧྥེ་རི་ཁའི་མངའ་ཁོངས་རྒྱ་མཚོའི་རྒྱ་ཁྱོན་ནི་སྐམ་སའི་རྒྱ་ཁྱོན་གྱི་ལྡབ་3ཡིན་པ་དང་། དེར་ཉ་རིགས་དང་། སྣོད་བཅུད། མཚོ་རྒྱུད་ཀྱི་གཏེར་ཁ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཞིག་ཀྱང་ཐོན་དང་ཐོན་བཞིན་ཡོད། ཨ་ཧྥེ་རི་ཁར་མཚོ་རྒྱུད་རྒྱལ་ཁབ་38ཡོད་པ་དག་གི་མངའ་ཁོངས་རྒྱ་མཚོའི་སྤྱིའི་རྒྱ་ཁྱོན་(སྤྱི་ལེ་650ཡོད་པའི་མཚོ་ངོགས་དང་མཚོ་འོག་སྐམ་ས་ཆེན་པོ་ཚུད་པ་)ལ་ཧ་ལམ་སྤྱི་ལེ་ངོས་གྲུ་ཁྲི་1300ཙམ་ཡོད། ཨ་ཧྥེ་རི་ཁའི་ཕྱིར་གཏོང་ནང་འདྲེན་ཚོང་དོན་90%ནི་མཚོ་ཐོག་སྐྱེལ་འདྲེན་བརྒྱུད་གཉེར་བ་དང་། ཉ་ལས་ཀྱིས་ཨ་ཧྥེ་རི་ཁ་བ་དུང་ཕྱུར་2ཀྱི་བཟའ་བཅའ་འགན་ལེན་བྱེད་ཐུབ་པ་མ་ཟད། ད་དུང་ཨ་སྒོར་དུང་ཕྱུར་240རི་བའི་ཐོན་སྐྱེད་རིན་ཐང་ཡང་གཏོད་ཐུབ་ཀྱི་ཡོད། ཨ་ཧྥེ་རི་ཁའི་ཉ་ཀྲིན་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་སེ་ཧྲེར་གྱིས་རྒྱ་མཚོའི་ཐོན་རྫས་ལས་སྣོན་ལས་རིགས་ཁོ་ནར་བརྟེན་པ་ལས་ལོ་ལྟར་ཡོང་འབབ་ཨ་སྒོར་དུང་ཕྱུར་14ཡོང་གི་ཡོད་པ་དེ་ཕྱི་དངུལ་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
         ཙུའུ་མཱ་ཡིས་རྒྱ་མཚོའི་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་ལས་རིགས་ཧ་ཅང་མང་བ་དཔེར་ན། མཚོ་ཐོག་སྐྱེལ་འདྲེན་དང་། ཟོག་འདྲེན། འགན་བཅོལ། གྲུ་ཁ་དོ་དམ། ཡུལ་སྐོར་ལས་རིགས། ཉ་ལས། ཆུའི་ཐོན་རྫས་སོགས་ཡོད་མོད། འོན་ཀྱང་ཨ་ཧྥེ་རི་ཁས་ཁྱབ་ཁོངས་དེ་གསར་སྤེལ་བྱེད་ཤུགས་དང་དེར་མ་དངུལ་གཏོང་ཤུགས་མངོན་གསལ་དོད་པོས་འདང་གི་མེད་ཅེས་གསུངས་པ་རེད།
         དེང་སྐབས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་སྲིད་ཇུས་བཏོན་ཡོད། མོ་རི་ཐིའུ་སི་དང་སེ་ཧྲེར་རྒྱལ་ཁབ་གཉིས་པོས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་གི་འཐབ་ཇུས་གྲས་ཤིག་ཏུ་འཇུག་རྒྱུ་དང་མ་དངུལ་བཏང་སྟེ་རྒྱ་མཚོའི་ཡུལ་སྐོར་ལས་རིགས་དང་ཉ་ལས་ལས་སྣོན་ལས་རིགས་ལ་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་ཀྱི་རྒྱ་མཚོའི་སྤྱི་གླིང་གི་འཆར་གཞི་ཁྱབ་བསྒྲགས་བྱས་ཤིང་། གཞི་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་7ཡོད་པའི་རྒྱ་མཚོའི་སྲུང་སྐྱོང་ཁུལ་ཞིག་བསྐྲུན་ནས་རྒྱ་མཚོའི་ཁོར་ཡུག་དང་སྣོད་བཅུད་མ་ལག་ལ་སྲུང་སྐྱོང་དང་དེ་བཞིན་རྡོ་སྣུམ་དང་རང་བྱུང་སོལ་རླངས་རྩད་གཅོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།