འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《2016ལོའི་ཨ་རིའི་འགྲོ་
    བ་མིའི་ཐོབ་ཐང་ཟིན་ཐོ་》 དང་ 《2016ལོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་
    བཙན་གནོད་བཏང་བའི་གནས་ཚུལ་ཟིན་བྲིས་》 འདོན་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《2016ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཟིན་ཐོ་》དང་《2016ལོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བཏང་བའི་གནས་ཚུལ་ཟིན་བྲིས་》འདོན་སྤེལ་བྱས་ཏེ་ཨ་རིས་ཡོངས་བསྒྲགས་བྱས་པའི“རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུར”ཡ་ལན་སློག་པ་རེད།
         འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་དེ་འགོ་བརྗོད་དང་། ཚེ་སྲོག་དང་མི་ལུས་ཀྱི་ཁེ་དབང་ལ་བཙན་གནོད་ཚབས་ཆེན་གཏོང་བ། ཆབ་སྲིད་ཁེ་དབང་རྡོག་རོལ་དུ་གཏོང་བ། ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་འཚོ་བའི་གནས་བབ་ལ་སེམས་ཁྲལ་སྐྱེ་འོས་པ། རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་ཚབས་ཆེ་རུ་འགྲོ་བ། བུད་མེད་དང་། བྱིས་པ། རྒན་རྒོན་བཅས་ཀྱི་ཁེ་དབང་ལ་འགན་ལེན་བྱེད་ཚད་མི་འདང་བ། རྒྱལ་ཁབ་གཞན་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་ཤེད་ཀྱིས་བཙན་གནོད་གཏོང་བ་སོགས་ཆ་ཤས་ཁ་ཤས་སུ་དབྱེ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཟིན་བྲིས་ལ་ཡིག་འབྲུ་ཁྲི་1.6ཙམ་ཡོད་པ་རེད།
         འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོའི་ནང་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་3ཉིན་ཨ་རིའི་རྒྱལ་དོན་ཁང་གིས་《2016ལོའི་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཞུ་》ཡོངས་བསྒྲགས་བྱས་ནས་མུ་མཐུད“འགྲོ་བ་མིའི་ཐོབ་ཐང་གི་ཤན་འབྱེད་དཔོན”ཡིན་མདོག་བྱེད་པ་དང“འགྲོ་བ་མིའི་ཐོབ་ཐང་གི་དབྱུག་པ་ཆེན་པོ”གང་བྱུང་དུ་གཡུགས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་མཐོ་བཤད་དམའ་བཤད་དང་ཧམ་ཤེད་ངང་སྐྱོན་འཛུགས་བྱེད་པ་ལས་ཨ་རི་རང་ངོས་ལ་གནས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་གཏན་ནས་བརྗོད་ཀྱི་མེད། 2016ལོར་གནད་དོན་གལ་ཆེན་ཁ་ཤས་ཐད་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རྒྱུན་མཐུད་དེ་ཞན་དུ་ཕྱིན་པ་དོན་དངོས་ལས་གསལ་བཤད་བྱས་ཡོད། “རང་དབང་ལྷ་མོའི”རྒྱབ་ཏུ་མེ་མདའི་སྒྲ་བར་མེད་གྲགས་པ་དང་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་པའི་གནད་དོན་ཚབས་ཇེ་ཆེར་འགྲོ་བ་དང་དེ་བཞིན་རྒྱུ་དངུལ་ཆབ་སྲིད་ཀྱི་ཁ་ལོ་སྒྱུར་བའི་འདེམས་བསྐོའི་དགོད་བྲོ་བའི་གནས་ཚུལ་བཅས་ལས་རང་གིས་རང་ལ“འགྲོ་བ་མིའི་ཐོབ་ཐང་གི་སྲུང་དམག”ཅིག་ཡིན་ཞེས་འུད་སྒྲོག་བྱེད་མཁན་དེས་རང་ཉིད་ཀྱི་བྱེད་སྤྱོད་ཀྱི་ཐོག་ནས་དེས་རྫུན་བཟོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི“ལྷ་སྒྲུང”གི་མཐིལ་བརྟོལ་ཡོད་ཅེས་བཤད་པ་རེད།
         འགྲོ་བ་མིའི་ཐོབ་ཐང་གི་ཟིན་བྲིས་དེས་ཕྱོགས་མི་འདྲ་བའི་ཐོག་ནས་ཨ་རིར་གནས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྟོན་པ་སྟེ།
         —— མེ་མདའ་དང་འབྲེལ་བའི་ཉེས་གསོག་རྒྱུན་མཐུད་ངང་ཐོན་མང་བ་དང་བཙོན་འཇུག་བྱེད་ཚད་སྔར་བཞིན་མཐོ་པོ་ཡོད་པ་དང་།
         —— དབུལ་ཕྱུག་གི་ཧེ་བག་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་ཡོང་འབབ་འབྲིང་དམའི་ཚོགས་སྤྱིའི་འཚོ་བའི་གནས་བབ་ལ་སེམས་ཁྲལ་སྐྱེ་འོས་པ་ཞིག་ཡོད། འདས་ཟིན་པའི་ལོ་30ཡི་རིང་ཡོང་འབབ་70%ཙམ་ཕྱུག་ཤོས་ཡིན་པའི་མི་10%ཙམ་ལ་ཐོབ་པ་དང་འབྱོར་འབྲིང་གྲལ་རིམ་གྱི་གཞི་ཁྱོན་འཁྱོག་མཚམས་རྣམ་པ་ཆུང་དུ་སོང་བ།
         —— རིགས་རྒྱུད་རིང་ལུགས་རྒྱུན་མཐུད་ངང་་གནས་པ་དང་རིགས་རྒྱུད་མི་འདྲ་བའི་དབར་གྱི་འབྲེལ་བ་ཉིན་བཞིན་ཇེ་སྡུག་ཏུ་འགྲོ་བ།
         —— བུད་མེད་དང་། བྱིས་པ། རྒན་རྒོན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གནས་ཚུལ་ལེགས་སུ་བཏང་མེད་པ་དངཉམས་ཞན་ཚོགས་སྤྱིའི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། བྱིས་པ་དབུལ་པོའི་ཚད་གཞི་སྔར་བཞིན་མཐོ་བ་དང་ལོ་10ནས་17བར་གྱི་གཞོན་ནུ་ལོ་ཆུང་ཁྲི་680ཙམ་ཟས་རིགས་དཀོན་པའི་གནས་སུ་གྱར་ཡོད། རྒན་རྒོན་ལ་མནར་གཅོད་གཏོང་བའི་དོན་རྐྱེན་ཡང་ཡང་ཐོན་པ་དང་ལོ་ལྟར་རྒན་རྒོན་ཁྲི་500ཙམ་ལ་མནར་གཅོད་ཕོག་པ།
         —— རྒྱལ་ཁབ་གཞན་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པའི་སྣང་ཚུལ་ཡང་ཡང་ཐོན་ནས་ཉེས་མེད་གང་བྱུང་དུ་དམར་གསོད་གཏོང་གི་ཡོད། རྒྱལ་ཁབ་གཞན་དག་གི་བཙོན་པ་ཁྲིམས་འགལ་ངང་བཙོན་འཇུག་དང་མནར་གཅོད་གཏོང་བའི་གནད་དོན་གཏན་ནས་ཐག་གཅོད་བྱས་མེད་པ།
         —— ལྟེ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ལ་ཆོག་མཆན་སྤྲོད་རྒྱུའི་ཁས་མ་བླངས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཆོད་འཆར་ཟིན་དང་ལེན་བྱ་རྒྱུའི་ཁས་བླངས་མེད། ད་བར་ཨ་རིས་《དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་》དང་། 《རྣམ་པ་གང་རུང་གིས་བུད་མེད་ལ་མཐོང་ཆུང་བྱེད་པ་སེལ་བའི་སྤྱི་ཆིངས་》《བྱིས་པའི་ཁེ་དབང་སྤྱི་ཆིངས་》《དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་》སོགས་ལྟེ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ལ་ཆོག་མཆན་སྤྲད་མེད་པ་བཅས་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།