འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་ཐན་པུར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཐུར་ཁེའི་སློབ་ཆེན་
    སློབ་མ་ཚོར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན། དབྱི་སི་ཐན་པུར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཐུར་ཁེའི་སློབ་ཆེན་སློབ་མ་60ལྷག་ཙམ་ལ་སྐབས་དང་པོའི་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་དེ་ཐུར་ཁེའི་སློབ་མ་དེ་བས་མང་བས་རྒྱ་ཡིག་སྦྱོང་རྒྱུར་སྐུལ་ལྕག་བྱས་པ་རེད།
         དབྱི་སི་ཐན་པུར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཆན་པོ་ཡིས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཙུགས་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་དབར་སློབ་གསོ་རིག་གནས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཡིག་སློབ་ཁྲིད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐུར་ཁེའི་དམངས་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་དང་རྒྱུས་མངའ་བྱ་ཆེད་རེད་ཅེས་བཤད། ཁོང་གིས་ཐུར་ཁེའི་མཐོ་སློབ་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཆེན་སློབ་མ་དེ་བས་མང་བས་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་བྱས་ཏེ་སླད་ཕྱིན་ཀྲུང་ཐུར་དབར་གྱི་མཛའ་གྲོགས་ཀྱི་སྐྲུན་མཁན་དང“དམངས་ཁྲོད་ཕོ་ཉ”ཞིག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།
         སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པའི་སློབ་མ་དག་དབྱི་སི་ཐན་པུར་གྱི་མཐོ་སློབ་5ནས་ཡིན་ཞིང་། བྱ་དགའ་ཐོབ་པའི་སློབ་མ་ཚོས་དེ་སྒུལ་ཤུགས་སུ་བྱས་ཏེ་མུ་མཐུད་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོ་ཤེས་རྟོགས་དེ་བས་མང་བ་བྱས་ནས་ཐུར་ཀྲུང་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། ཧའེ་ཞ་སློབ་ཆེན་དང་ཨའོ་ཁན་སློབ་ཆེན་གྱི་སློབ་མས་ད་དུང་རྒྱ་སྐད་ཐོག་ནས་ལྟད་མོ་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།
         ཨའོ་ཁན་སློབ་ཆེན་གྱི་སློབ་སྤྱི་ཧྲུའུ་ལའེ·ཁུའུ་ཐེ་སོགས་ཀྱིས་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཙུགས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོས་བྱེད་ཐབས་དེ་ལས་ཀྲུང་གོ་ཕྱོགས་ཀྱིས་ཐུར་ཀྲུང་དབར་གྱི་སློབ་གསོ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་ལུགས་གང་ལེགས་མཚོན་ཡོད་པའི་ངོས་འཛིན་བྱས་པ་དང་ཐུར་ཁེའི་མཐོ་སློབ་ཀྱིས་མུ་མཐུད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་མཉམ་ལས་དམ་ཟབ་བྱས་ཏེ་རྒྱ་ཡིག་སློབ་ཁྲིད་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་དང་ཕྱོགས་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐུར་ཀྲུང་དབར་གྱི་མཛའ་གྲོགས་དང་མཉམ་ལས་ཆེད་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།