འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་རུང་ཧྲུན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཤང་ཀང་དང་ཨའོ་མོན་གྱི་འཐུས་
    མི་འདེམས་བསྐོ་བྱ་ཐབས་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་11ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་རུང་ཧྲུན་གྱིས་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཤང་ཀང་དང་ཨའོ་མོན་གྱི་འཐུས་མི་འདེམས་བསྐོ་བྱ་ཐབས་སྐོར་གྱི་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཆ་མཚོན་ན་རྩ་ཁྲིམས་ལ་སྲུང་བརྩི་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ཞུ་དགོས་པ་ནི་ཆེས་གཞི་རྩའི་བླང་བྱ་ཞིག་ཡིན་ཞེས་གསུངས་པ་རེད།
         ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པས་པེ་ཅིང་མེ་ཏི་ཡ་ལྟེ་གནས་སུ་གསར་འགོད་པའི་ཚོགས་འདུ་འཚོགས་པ་རེད། ཀྲང་རུང་ཧྲུན་གྱིས་དྲི་བར་ལན་སྐྱོན་སྐབས་ད་ཐེངས། ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་བ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུའི་བྱ་ཐབས་འཆར་ཟིན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུའི་བྱ་ཐབས་འཆར་ཟིན་དེ་ཡིན། འཆར་ཟིན་དེ་གཉིས་ནང་རྩ་ཁྲིམས་ལ་སྲུང་བརྩི་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ཞུ་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཤིག་ཡོད་པ་དེ་སྔོན་རྩ་བ་ནས་མེད་པ་ཞིག་མིན། འདེམས་ཞུགས་པ་ཚང་མས་ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྲུང་བརྩི་ཞུ་བའི་གསལ་བསྒྲགས་ཤིག་ཡོད་པའི་ཁར་མིང་རྟགས་འགོད་དགོས་ཀྱི་ཡོད། དེ་ནི་ཤང་ཀང་མེས་རྒྱལ་པང་དུ་ལོག་པ་ནས་ད་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་ལག་བསྟར་བྱེད་པའི་གཏན་འབེབས་ཤིག་ཡིན་ཞེས་གསུངས་པ་རེད།
          ཀྲང་རུང་ཧྲུན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཆེས་མཐོའི་རྒྱལ་ཁབ་ཀྱི་དབང་ཆ་ལས་ཁུངས་ཤིག་རེད། ཆེས་མཐོའི་རྒྱལ་ཁབ་དབང་ཆ་ལས་ཁུངས་ཀྱི་གྲུབ་ཆའི་མི་སྣ་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་ཀྱིས་སྤྲད་པའི་དབང་ཆ་སྤྱོད་ཀྱི་ཡོད་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་གལ་ཆེན་ཡང་འཁུར་གྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཆ་མཚོན་ན་རྩ་ཁྲིམས་ལ་སྲུང་བརྩི་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ཞུ་དགོས་པ་ནི་ཆེས་གཞི་རྩའི་བླང་བྱ་ཞིག་ཡིན་ཞེས་གསུངས་པ་རེད།
          ཀྲང་རུང་ཧྲུན་གྱིས་ད་ཐེངས་ཐོན་པའི་བྱ་ཐབས་ནང་དུའང་གཏན་འབེབས་ཡོད་པ་སྟེ། གལ་ཏེ་མི་འགའ་ཞིག་གི་གཏམ་སྤྱོད་ལས་རྩ་ཁྲིམས་ལ་སྲུང་བརྩི་མི་ཞུ་བ་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་མི་ཞུ་བ་ར་འཕྲོད་ངོ་མ་བྱུང་བའམ་ཡང་ན་འཐུས་མིའི་ཐོབ་ཐང་དང་མི་མཐུན་པའི་སྣང་ཚུལ་གཞན་དག་ཡོད་ཚེ་འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ནང་ཀྲུའུ་ཞི་ཚོགས་པར་མི་དེ་དག་མིང་ཐོ་ནས་བསུབ་རྒྱུའི་དབང་ཆ་ཡོད། འཐུས་མིར་བདམས་རྗེས་སྣང་ཚུལ་དེ་འདྲ་ཐོན་ཚེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྱང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དེའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུའི་སྙན་ཞུ་འབུལ་ཆོག་པ་དེ་ཡིན་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།