འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བུད་མེད་དམག་མི་ཁྱོན་མི་ཐེངས་ཆིག་སྟོང་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་
    སྲུང་སྐྱོང་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་མ་འཆར་གོང་། བུ་བཙའ་སྡེ་ཁག་གི་སྨན་པ་སུན་ཞའོ་ལོན་དང་ཁོང་གི་འཐབ་གྲོགས་ཚོས་ལྷོ་སུའུ་ཏན་གྱི་བྱང་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཝ་ཝུའུ་ཡི་སྐྱབས་བཅོལ་བའི་སྒར་ས་ཆེ་ཤོས་སུ་བསྐྱོད་ནས་སྐྱབས་བཅོལ་བའི་སྒར་སའི་བུད་མེད་དང་བྱིས་པ་ཚོར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་དང་འབྲེལ་སྨན་བཅོས་ཀྱང་བྱས་པ་རེད། ས་གནས་དེ་གར་ཡོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་བུད་མེད་དམག་མི་11གིས“བུད་མེད་ཀྱི་གཟུགས་པོ་བདེ་ཐང་ལ་ཐུགས་ཁུར་བྱེད། བརྩེ་སེམས་ཨ་ཧྥེ་རི་ཁའི་ས་གཞིར་ཁྱབ་པར་བྱེད”ཅེས་པའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་བསུ་བ་ཞུས་པ་རེད།
         ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་ནས་ལོ་27སོང་རིང་། ཞི་བདེ་སྲུང་སྐྱོང་མི་སྣ་མི་ཐེངས་ཁྲི་3ལྷག་ཙམ་བཏང་བ་དེའི་ནང་བུད་མེད་ཞི་བདེ་སྲུང་སྐྱོང་མི་སྣ་མི་ཐེངས་ཆིག་སྟོང་ཙམ་ཟིན་པ་དང་ཁོང་ཚོས་ལི་པེ་རི་ཡ་དང་། སུའུ་ཏན། ལྷོ་སུའུ་ཏན། མ་ལི། ཁོང་ཀོ(ཅིན) ལེ་པ་ནོན་སོགས་ས་གནས་སུ་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་མྱོང་ཡོད། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལས་གནས་ཕུད། ཀྲུང་གོའི་བུད་མེད་དམག་མི་ཚོས་ཇུས་འདོན་དམག་དཔོན་དང་། དམག་དོན་ལྟ་ཞིབ་པ། ཞི་བདེ་སྲུང་སྐྱོང་ཉེན་རྟོག་པ། རྐང་དམག་སོགས་ཀྱི་ལས་གནས་ལ་རིམ་གྱིས་ཞུགས་ནས་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་བཏོན་པའི་ནུས་པའང་གལ་ཇེ་ཆེར་སོང་བཞིན་ཡོད་པ་རེད།
         ཝ་ཝུར་ཡོད་པའི་ཁེན་ནི་ཡའི་རྐང་དམག་ཡིང་ཨང་21གི་བུད་མེད་དམག་མི་ཚོས་ཀྲུང་གོ་ནས་ཡོང་བའི་མོ་ནད་སྡེ་ཁག་གི་སྨན་པ་ཧྥེང་ཧུའེ་ཧྥེན་ངོ་ཤེས་ཀྱི་ཡོད་པ་དང་ཁོང་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་ཐེངས་གཉིས་ཞུགས་མྱོང་བ་དང་སྐྱབས་བཅོལ་བ་མང་པོར་སྐྱེ་གཡོག་རྒྱུག་མྱོང་ཡོད་པས་ཁེན་ནི་ཡའི་བུད་མེད་དམག་མི་ཚོའི་སྙིང་ཉེ་བའི་ཨ་ཅག་ཧྥེང་ལགས་ཡིན།
         དེ་སྔ་གདོང་ཐུག་ནང་ཉེན་ཁར་མ་འཛེམས་པར་སྐྱབས་བཅོལ་བྱིས་པ་གནས་སྤོ་བྱེད་དུ་བཅུག་མཁན་ཞི་བདེ་སྲུང་སྐྱོང་རྐང་དམག་དམག་སྒར་གྱི་སློབ་གྲྭ་ཆེ་མོ་བ་བུད་མེད་དམག་མི་ཀྲང་ཡོན་ཡོན་ནི་ཕུལ་བྱུང་གི་འཐབ་འཛིང་པ་ཞིག་ཡིན་པ་མ་ཟད། རྨོག་སྔོན་གདོང་ལེན་རླུང་འཕྲིན་ལས་ཁུངས་ཀྱི་ཕུལ་བྱུང་སྙན་སྒྲོན་པ་ཞིག་ཀྱང་ཡིན། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རྐང་དམག་དམག་སྒར་རེར་མི་13ཡོད་པའི་བུད་མེད་དམག་མིའི་འཛིན་གྲྭ་གཅིག་བཙུགས་ཡོད་པ་དང་སྐྱེས་པའི་དམག་མི་དང་འདྲ་བའི་སྐོར་གཡེང་ཉེན་ཟོན་དང་སྐྱབས་བཅོལ་བར་སྲུང་སྐྱོང་བྱེད་པའི་ལས་འགན་འཁུར་དགོས་པ་ཕུད། ད་དུང་བུད་མེད་དང་བྱིས་པའི་འབྲེལ་ཡོད་ལས་འགན་ལག་བསྟར་བྱེད་པའི་ཁྲོད་ཁོང་ཚོས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད།
          2016ལོའི་ཟླ་9པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་ཡིན་པའི་དྲུང་ཆེ་གཞོན་པ་ལ་ཏེ་སུའུ་ཡིས་ལོན་ཏོན་དུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་བུད་མེད་དེ་བས་མང་བ་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་ནས་ཕོ་མོ་འདྲ་མཉམ་གྱི་དམིགས་ཡུལ་སྒྲུབ་ཐུབ་པ་བྱེད་དགོས་ཞེས་རེ་འབོད་གནང་བ་རེད། དེའི་ཐོག་ནས་སླད་ཕྱིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ནང་ཀྲུང་གོའི་བུད་མེད་ཚུད་པའི་བུད་མེད་དེ་བས་མང་བ་ཞུགས་རྒྱུ་ཡིན་པ་མཚོན་ཐུབ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།