འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་བྲོས་བྱོལ་ཉེས་ཅན་
    རང་རྒྱལ་དུ་བཟུང་སྐྱེལ་ཐོག་མར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱས་པ་བརྒྱུད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞོགས་འདེགས་ཧུར་ཐག་འོག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རང་རྒྱལ་དུ“གནམ་རྒྱའི་བྱ་སྤྱོད”ཀྱི་བྲོས་བྱོལ་ཉེས་ཅན་དང་གན་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་དོགས་གཞིའི་འཛིན་བཟུང་བཀའ་རྒྱ་བཏང་བའི་ཉེས་གསོག་དོགས་ཅན་ཁན་ཆེ་གེ་མོ་རང་རྒྱལ་དུ་བཟུང་སྐྱེལ་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད། ཟླ་3ཚེས་8ཉིན་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་ཁན་ཆེ་གེ་མོ་རང་རྒྱལ་དུ་བཟུང་སྐྱེལ་བྱས་པ་དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་བཟུང་སྐྱེལ་ཆིངས་ཡིག་2004ལོར་སྤྱོད་གོ་ཆོད་ཚུན་རང་རྒྱལ་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་བྲོས་བྱོལ་ཉེས་ཅན་བཟུང་སྐྱེལ་བྱེད་ཐེངས་ཐོག་མ་དེ་ཡིན་པ་དང་སླད་ཕྱིན་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་མཉམ་ལས་ལ་སྔར་བས་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
          ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཕུའུ་ཐུའོ་ཡན་ལག་ཅུས་ཀྱིས་2008ལོའི་ཟླ་1པོར་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་བརྒྱུད་2007ལོའི་ཟླ་9པར་ཉེས་གསོག་དོགས་ཅན་ཁན་ཆེ་གེ་མོས་ཁོ་པར་ཧྲང་ཧའེ་ཡི་ཁང་ཁོངས་ཞིག་ཕྱིར་ཚོང་བྱེད་པའི་དབང་ཆ་ཡོད་པ་རྫུན་བཟོ་བྱས་ནས་གནོད་འཚེ་ཕོག་མཁན་གྱི་ས་ནས་སྡོད་ཁང་ཉོ་སྒྲུབ་ཀྱི་འགྱུར་རྟེན་མི་དམངས་ཤོག་སྒོར་ཁྲི་200ལྷག་ཙམ་ཁ་བསླུས་བརྒྱབ་པ་རེད། 2008ལོའི་ཟླ་3པར་ཁན་ཆེ་གེ་མོ་ཀོང་ཀྲོའུ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བྲོས་བྱོལ་སོང་ཡོད། 2015ལོའི་ཟླ་4པར་ཁན་ཆེ་གེ་མོ་ཀྲུང་དབྱང་སྒྲིག་ཨུད་ཀྱིས“གནམ་རྒྱའི་བྱ་སྤྱོད”ཀྱི་བྱོས་བྱོལ་ཉེས་ཅན་པའི་ནང་བཅུག་པ་དང་ལོ་དེ་རང་གི་ཟླ་12པར་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཐུའོ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གན་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་དོགས་ཅན་གྱི་ངོས་ནས་ཁན་ཆེ་གེ་མོ་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
         2016ལོའི་ཟླ་1པོར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྲུང་གོ་རྒྱལ་ཁབ་ལྟེ་གནས་ཅུས་ཀྱིས་ཁན་ཆེ་གེ་མོར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་གིས་འཛིན་བཟུང་བརྡ་ཁྱབ་བཏང་བ་རེད། ཟླ་དེ་རང་དུ་ཁན་ཆེ་གེ་མོ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། ཟླ་2པར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་བཟུང་སྐྱེལ་ཆིངས་ཡིག་གཞིར་བཟུང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་བཟུང་སྐྱེལ་བྱ་རྒྱུའི་རེ་བ་བཏོན་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་འདི་ལོའི་ཟླ་2ཚེས་21ཉིན་ཁན་ཆེ་གེ་མོ་རང་རྒྱལ་དུ་བཟུང་སྐྱེལ་བྱེད་ཆོག་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་མཐར་ཁས་བླངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།