འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"ལྗང་མདོག་གི་མ་རྩ"བརྟན་སྲུང་བྱས་ཏེ"སྐྱེ་ཁམས་ཀྱི་ཁེ་འབབ"ཐོབ་པ།

    བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ལྗང་མདོག་འཕེལ་རྒྱས་གཏོང་བའི་སྐོར་ལྷུག་པོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ནི་གླེང་མང་བརྗོད་གཞི་ཞིག་ཏུ་གྱུར་ཞིང་། མེས་རྒྱས་ཀྱི་མཐའ་མཚམས་སུ་གནས་པའི་བོད་ལྗོངས་ནི་སྔར་བཞིན་ཆུ་བོ་གཙང་ལ་གནམ་སྔོན་དྭངས་པ་ཡིན་པས། "མཛེས་སྡུག་ལྡན་པའི་ཀྲུང་གོ"ལ་གཟི་བརྗིད་དང་བཀྲ་མདངས་བསྩལ་བ་རེད།
           རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཕུན་ཚོགས་ཀྱིས"སྐྱེ་ཁམས་ཀྱི་མཚམས་ཚད་ལ་གནོད་ཚེ། ལས་གཞི་ཇི་འདྲ་བཟང་པོ་ཞིག་ཡིན་ན་ཡང་དང་ལེན་བྱེད་ཀྱི་མེད། བོད་ལྗོངས་སུ་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་མི་རྣམས་ཀྱི་སེམས་ལ་འཇགས་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་དུ་གྱུར་ཡོད"ཅེས་བརྗོད་པ་རེད།
          ཕུན་ཚོགས་ཀྱིས་གསར་འགོད་པ་དང་རང་ས་གནས་སུ་བྱུང་བའི"ཆུ་ཡུར་གྱིས་རྒྱ་ལྕང་དམར་པོར་ལམ་གཟུར་བ་"ཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་གཏམ་རྒྱུད་ཅིག་རྣ་བར་ལོངས་སུ་སྤྱད་པ་སྟེ། ན་ནིང་། ས་གནས་དེ་གར་གཙོ་གནད་ཆུ་བེད་འཛུགས་སྐྲུན་ལས་གཞི་སྟེ་དཀར་ལུང་གཞུང་དབྱར་སར་ཞིང་ཆུ་འདྲེན་པའི་ལས་གཞི་སྐྲུན་སྐབས་རྒྱ་ལྕང་དམར་པོ་1500ལྷག་ལ་གནོད་སྐྱོན་མི་ཐེབས་པའི་ཆེད་དུ་ལས་གཞི་འཛུགས་སྐྲུན་ཇུས་གཞི་ལེགས་བཅོས་བྱས་པས། འཛུགས་སྐྲུན་བྱེད་ཡུན་རིང་དུ་སོང་བ་མ་ཟད། འཛུགས་སྐྲུན་གྱི་མ་རྩ་དང་དཀའ་ཚད་ཀྱང་མང་དུ་སོང་བས། དོན་འདི་ས་གནས་དེ་གར་གཏམ་བཟང་ཞིག་ཏུ་གྱུར་ཏེ་གང་སར་ཁྱབ་པ་རེད།
            ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས"རི་སྔོ་ཆུ་དྭངས་ནི་གསེར་དང་དངུལ་གྱི་རི་བོ་ལྟ་བུ་ཡིན་ལ། རི་ཀླུང་ཁ་བས་གཡོགས་པའང་གསེར་དང་དངུལ་གྱི་རི་བོ་ལྟ་བུ་ཡིན"པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་གྱི་འདུ་ཤེས་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པར་བྱེད་ཀྱི་ཡོད་པ་རེད། གནམ་སྔོན་པོ་དང་། ཆུ་དྭངས་གཙང་། མཁའ་དབུགས་གཙང་དག་བཅས་ནི་ཁ་བ་ཅན་གྱི་ས་མཐོའི་“མིང་བྱང་”བཀྲག་མདངས་ཆེ་ཤོས་ཤིག་ཏུ་གྱུར་པ་རེད།
            རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་ཉིང་ཁྲི་གྲོང་ཁྱེར་གྱི་འགོ་འཛིན་དབང་འདུས་ཀྱིས་ཉིང་ཁྲི་ནི་བོད་ལྗོངས་ཀྱི"མེས་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད"ལྟ་བུ་ཡིན་ཞིང་། ཡུལ་ལྗོངས་མཛེས་ཤིང་སྡུག་ལ་ཁོར་ཡུག་ཤིན་ཏུ་ལེགས་པ་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐོན་ཁུངས་ཀྱི་བཟང་ཆ་ཐུན་མོང་མ་ཡིན་པར་གྱུར་ཡོད། ན་ནིང་། སྡེབ་རྩིས་བྱས་ན་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་437སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་39ཐོབ་པས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་གྱི་བཅུ་ཆ་གསུམ་ཡན་ཟིན་ཡོད་ཅེས་བརྗོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།