འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་ཀྱི་ཨེ་ཙི་འགོས་ནད་འགོག་པའི་སྤྱི་ཕན་གློག་བརྙན་ཐོག་མ་《དར་སྐུད་དམར་པོ་》
    ཁྲེང་ཏུའུ་རུ་ཐོག་མར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་སྐད་ཀྱི་ཨེ་ཙི་འགོས་ནད་འགོག་པའི་སྤྱི་ཕན་གློག་བརྙན་ཐོག་མ་《དར་སྐུད་དམར་པོ་》
ཁྲེང་ཏུའུ་རུ་ཐོག་མར་བསྟན་པ།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་སྐད་ཀྱི་ཨེ་ཙི་འགོས་ནད་འགོག་པའི་སྤྱི་ཕན་གློག་བརྙན་ཐོག་མ་《དར་སྐུད་དམར་པོ་》ཞེས་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་ཐོག་མར་བསྟན་པ་རེད།
         གློག་བརྙན་《དར་སྐུད་དམར་པོ་》ཞེས་པ་འདི་ནི་བོད་རིགས་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་གནང་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་པར་ལེན་བཟོ་སྐྲུན་བྱས་པ་ཞིག་ཡིན་ལ། གློག་བརྙན་ཧྲིལ་པོར་ཆུ་ཚོད་སྐར་མ་93ཡོད་པ་རེད། གློག་བརྙན་ནང་རྒྱབ་ཏུ་བསྐྱུར་བའི་ཨེ་ཙི་འགོས་ནད་ཕོག་མཁན་གྱི་བོད་རིགས་བུད་མེད་ཅིག་གིས་ལུས་སེམས་གཉིས་ཀའི་མནར་གཅོད་ཚད་མེད་མྱོང་རྗེས། བསྐྱར་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་འཚོ་བར་ཁ་གཏད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བརྗོད་པ་རེད།
         དར་རྒྱས་བསྟན་འཛིན་གྱིས་གློག་བརྙན་《དར་སྐུད་དམར་པོ་》གསར་རྩོམ་བྱེད་པའི་བརྒྱུད་རིམ་གླེང་དུས"2015ལོའི་སྐབས། ཁོ་བོས་བོད་རིགས་ས་ཁུལ་གྱི་ཨེ་ཙི་འགོས་ནད་འགོག་མཁན་གྱི་དང་བླངས་པ་ཁ་ཤས་ངོ་ཤེས་པ་དང་། ཁོང་ཚོ་དང་གླེང་མོལ་བྱས་རྗེས་བརྗོད་གཞི་འདི་ཉིད་ཧ་ཅང་གལ་ཆེན་ཞིག་ཡིན་པར་སྙམ། དེ་ནས་གློག་བརྙན་འདི་ཉིད་པར་ལེན་བྱེད་འགོ་ཚུགས་པ་ཡིན"ཞེས་བརྗོད་པ་རེད།
         གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་ཡུལ་དུ་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་ད་དུང་ལྟད་མོ་ཚོ་དང་གསར་རྩོམ་བྱ་རིམ་སྤེལ་རེས་གནང་སྟེ"ང་ཚོས་གློག་བརྙན་འདི་2017ལོའི་གནམ་ལོ་གསར་ཚེས་ལ་འབུལ་བའི་ལེགས་སྐྱེས་བྱས་ནས་བོད་ཁུལ་ལ་ཕུལ་བ་ཡིན་ལ། གློག་བརྙན་འདི་ཉིད་ད་དུང་འོད་སྡེར་དུ་བཟོས་ཏེ་བོད་ཁུལ་དུ་འགྲེམས་སྤྲོད་བྱ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ཨེ་ཙི་འགོས་ནད་འགོག་པའི་རྒྱུན་ཤེས་མཐོ་རུ་གཏོང་དགོས་སར་ཡང་འགྲེམས་སྤྲོད་བྱ་རྒྱུ་ཡིན"ཞེས་བརྗོད་པ་རེད།
        གློག་བརྙན་བསྟན་ཚར་རྗེས། བོད་རིགས་ལྟད་མོ་བ་འཕགས་ལོ་ཡིས"གློག་བརྙན་འདིས་ང་རང་ལ་གློག་བརྙན་གྱི་རྣམ་པའི་ཐོག་ནས་མི་སྔར་ལས་མང་པ་ཞིག་ལ་ཨེ་ཙི་འགོས་ནད་ཅེས་པའི་ནད་གདོན་འདིས་མི་ལུས་ལ་གནོད་པ་དང་ཚེ་སྲོག་ལ་འཚེ་བ་གཏོང་བཞིན་པ་ཤེས་ཚོར་བྱུང་དུ་བཅུག་པ་མ་ཟད། ང་རང་ལ་ཨེ་ཙི་འགོས་ནད་འགོག་པའི་གལ་འགངས་ཆེ་བའི་རང་བཞིན་ཡང་ཤེས་སུ་བཅུག་སོང"ཞེས་བརྗོད་པ་རེད།
         གློག་བརྙན་གྱི་བུད་མེད་གཙོ་འཁྲབ་པ་ཉི་མ་སྲུང་སྲུང་གིས"གློག་བརྙན་གྱི་བུད་མེད་མི་སྣ་གཙོ་བོ་འཁྲབ་པ་བརྒྱུད། ང་རང་ལ་ཨེ་ཙི་འགོས་ནད་ཕོག་མཁན་ཚོར་འཕྲད་པའི་དཀའ་ངལ་དེ་དག་མྱོང་ཚོར་བྱུང་བས། ཁོ་མོས་རྒྱ་ཆེའི་ལྟད་མོ་བ་ཚོས་གློག་བརྙན་འདི་གཟིགས་རྗེས་ནད་པ་ཚོར་རོགས་སྐྱོར་གནང་བའི་རེ་བ་ཞུ་བ་ཡིན"ཞེས་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་འདི་ཉིད་ད་དུང་ལྷ་ས་དང་། ཁྲེང་ཏུའུ། ཡུལ་ཤུལ་སོགས་ཀྱི་ས་ཆར་མུ་མཐུད་བསྟན་རྒྱུ་ཡིན་པ་མ་ཟད། འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་ད་དུང་སྤྱི་ཕན་གློག་བརྙན་ཡིན་པའི་《དར་སྐུད་དམར་པོ་》འདི་ལ་རྗེས་མར་ད་དུང་ཨ་མདོའི་སྐད་དང་དབུས་གཙང་གི་སྐད་(ད་ལྟ་ཁམས་སྐད་ཡིན་པ)ཀྱིས་སྒྲ་སྦྱོར་བྱས་ནས་བསྟན་རྒྱུ་ཡིན་པ་དང་། ད་དུང་འོད་སྡེར་ཁྲི་30ཙམ་བཟོས་ནས་བོད་རིགས་ས་ཁུལ་ཁག་ལ་ཞལ་འདེབས་སུ་འབུལ་རྒྱུའི་འཆར་གཞི་ཡོད་ཅེས་བསྟན་པ་རེད།
    ༄༅།།བོད་སྐད་ཀྱི་ཨེ་ཙི་འགོས་ནད་འགོག་པའི་སྤྱི་ཕན་གློག་བརྙན་ཐོག་མ་《དར་སྐུད་དམར་པོ་》
ཁྲེང་ཏུའུ་རུ་ཐོག་མར་བསྟན་པ།
    ༄༅།།བོད་སྐད་ཀྱི་ཨེ་ཙི་འགོས་ནད་འགོག་པའི་སྤྱི་ཕན་གློག་བརྙན་ཐོག་མ་《དར་སྐུད་དམར་པོ་》
ཁྲེང་ཏུའུ་རུ་ཐོག་མར་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།