འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་དཔུང་སྡེས་དཔྱིད་གསར་
    གྱི་མཉམ་སྤྲོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལེ་པ་ནོན་གྱི་ལྷོ་རྒྱུད་ཤིན་ཉི་ཡ་གྲོང་ཚོར་གནས་པའི་ཀྲུང་གོའི་ལེ་པ་ནོན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་སྒར་ཁུལ་དུ་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་མ་འཇོག་ཁེ་ལས། ལེ་པ་ནོན་སློབ་ཆེན་སོགས་ནས་ཡོང་བའི་ཀྲུང་ལེ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་བཅས་170ལྷག་དགའ་སྤྲོ་ལྷན་འཛོམས་ཀྱིས་དཔྱིད་གསར་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་རེད།
        སྐུ་མགྲོན་བཞུགས་པའི་རླངས་འཁོར་རུ་ཁག་སྒར་ཁུལ་གྱི་རྒྱལ་སྒོའི་མདུན་དུ་དལ་གྱིས་འབྱོར་སྐབས་འགྲོ་ལམ་གཡས་གཡོན་གྱི་དཔོན་དམག་ཚོས་དགའ་སྤྲོ་འཁོལ་བའི་རྔ་དང་འཁར་རྔ་བརྡུངས་ནས་སྤུན་ཟླ་དང་གྲོགས་པོ་ཚོ་ཕེབས་པར་དགའ་བསུ་ཞུས་པ་རེད།
        ལེ་པ་ནོན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་དཔུང་སྡེ་ཁག་15པའི་བཀོད་འདོམས་དཔོན་ཕུའུ་དབྱིའི་ཕེབས་རོགས་འོག་སྐུ་མགྲོན་ཚོས་དང་ཐོག་སྒར་ཁུལ་གྱི་རིག་གནས་དང་ཞི་བདེ་སྲུང་སྐྱོང་གི་གྲུབ་འབྲས་ལ་གཟིགས་སྐོར་གནང་བ་རེད། གཙང་ལ་གྲལ་སྒྲིག་པའི་ཁོར་ཡུག་འཕྲོད་བསྟེན་དང་། གྲལ་སྒྲིག་ལ་ཉམས་དོད་པའི་རུ་སྒྲིག་རྣམ་པ། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མིའི་སྤྱོད་ཚུལ་ནན་པ་དང་ཉམས་སད་ཐེག་ཐུབ་པའི་བྱང་ཚད་བཅས་ལ་ཀྲུང་ཕྱིའི་སྐུ་མགྲོན་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།
        “2006ལོའི་ཟླ་4པར་བཀོད་སྒྲིག་བྱས་པ་ནས་བཟུང་རིམ་རྩིས་ལྟར་ན། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ཁག་ཐེངས་15དང་མི་ཐེངས་4800ལྷག་གིས་ས་གཞི་འདིའི་ཐོག་ས་འོག་འབར་མདེལ་དང་འབར་རྫས་མེད་པ་བཟོ་བ་དང་། ལས་གྲྭ་འཛུགས་སྐྲུན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་ཀྱི་ལས་འགན་ཁུར་ནས་ལེ་པ་ནོན་གྱི་དམངས་ཚོགས་ལ་ཞི་བདེའི་ཁོར་ཡུག་ཅིག་བཏོད་ཡོད”ཅེས་ལེ་པ་ནོན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་དཔུང་སྡེའི་ལོ་10ཡི་གྲུབ་འབྲས་མཚོན་པའི་དྲིལ་བསྒྲགས་འགྲེམས་སྟེགས་མདུན་དུ་ཆབ་སྲིད་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཐང་ཁོ་ཡིས་པར་རིས་100ལྷག་ཙམ་དང་ཟུང་འབྲེལ་བྱས་ནས་སྐུ་མགྲོན་ཚོར་ཞི་བདེ་སྲུང་སྐྱོང་བྱེད་མཁན་དཔོན་དམག་ཚོས་བསྐྱོད་པའི་དཀའ་ཚེགས་ཆེ་བའི་ལམ་བུ་དང་དེ་བཞིན་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ལུགས་ངོ་སྤྲོད་བྱས་པ་རེད།
         དེ་ཉིན་སྒར་ཁུལ་གྱི་གུར་ཆེན་པོའི་ནང་སྤེལ་བའི་དཔྱིད་གསར་གྱི་མཉམ་སྤྲོའི་བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་ཅིང་། དགའ་སྤྲོ་འཁོལ་བའི་རྔ་སྒྲའི་ཁྲོད་ཞི་བདེ་སྲུང་སྐྱོང་དཔོན་དམག་ཚོས་སེང་རྩེད་འཁྲབ་སྟོན་བྱས་པ་དང་བསྟུན་ནས་མཉམ་སྤྲོའི་བྱེད་སྒོ་འགོ་ཚུགས་པ་རེད།
        ཆུ་ཚོད་གཅིག་ཙམ་གྱི་བྱེད་སྒོའི་ནང་ལྟད་མོ་ཆེ་བའི་འཁྲབ་ཚན་10ལྷག་ཙམ་གཅིག་མཇུག་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་དང་། མཇུག་ཏུ་འདི་གར་ཡོད་པའི་མི་ཚང་མས་ལག་ཏུ་སྐར་ལྔའི་དར་དམར་འཁྱེར་བཞིན་སྐད་གསང་མཐོན་པོས་《མེས་རྒྱལ་ལ་བསྟོད་གླུ་འབུལ་》ཞེས་པའི་གླུ་གཞས་མཉམ་དུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།