འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་བོད་སྐད་ཡིག་གཉིས་ཀྱི་གློག་ཀླད་ཉེར་སྤྱོད་བྱ་རིམ་གསར་སྤེལ་འགྲན་བསྡུར་ཆེན་པོ་
    སྐབས་དང་པོ་དངོས་སུ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་བོད་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་མཛུབ་སྟོན་བྱེད་པ་དང་ཀྲུང་གོ་འཕྲིན་སྦྲེལ་དྲ་བ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་འབྲེལ་བྱས་ནས་གཙོ་གཉེར་བྱེད་ཅིང་། ཞའོ་སྨི་ཉེར་སྤྱོད་ཚོང་ཁང་གིས་སྒྲུབ་འགན་འཁུར་བའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་གློག་ཀླད་ཉེར་སྤྱོད་བྱ་རིམ་གསར་སྤེལ་འགྲན་བསྡུར་ཆེན་པོ་དངོས་སུ་བྱེད་འགོ་ཚུགས་པ་རེད།
         འགྲན་བསྡུར་ཆེན་པོ་གཙོ་གཉེར་ཕྱོགས་ཀྱི་མགྲིན་ཚབ་པས་ཐེངས་འདིའི་འགྲན་བསྡུར་ཆེན་པོ་དེ་ནི་སྤྱི་ཕན་རང་བཞིན་དང་ཞབས་ཞུའི་རང་བཞིན་དམིགས་ཡུལ་དུ་བཟུང་སྟེ་བོད་རིགས་མང་ཚོགས་ལ་སྔར་བས་སྟབས་བདེ་བའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཉེར་སྤྱོད་བྱ་རིམ་སྔར་བས་མང་བ་མཁོ་འདོན་བྱ་རྒྱུ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས་གོང་དུ་འཕེལ་བར་སྐུལ་སྤེལ་སྔར་ལས་ལྷག་པར་གཏོང་རྒྱུ། བོད་རིགས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་གཏོང་རྒྱུ། ཐོན་སྐྱེད་དང་འཚོ་བར་ཞབས་ཞུ་སྟབས་བདེ་མཁོ་འདོན་བྱ་རྒྱུ་བཅས་ཀྱི་དོན་དུ་ཡིན་ཞིང་། འགྲན་བསྡུར་ཆེན་པོར་བྱ་དགའ་རིམ་པ་དང་པོ་མི་གསུམ་དང་། རིམ་པ་གཉིས་པ་མི་བཅུ། ཕུལ་བྱུང་བྱ་དགའ་དུ་མ་བཅས་བཙུགས་ཡོད་ཅིང་། བརྩམས་ཆོས་རྐྱང་པར་བྱ་དགའི་དངུལ་མང་ཤོས་སྒོར་ཁྲི་10འཐོབ་རྒྱུ་རེད།  བྱ་དགའ་ཐོབ་མཁན་བདམས་ཐོན་པར་བྱ་དགའི་དངུལ་གྱ་ནོམ་པ་ཐོབ་པའི་ཁར། བྱ་དགའ་ཐོབ་པའི་གློག་ཀླད་ཉེར་སྤྱོད་བྱ་རིམ་ལའང་ཐབས་ལམ་མང་པོའི་ཐོག་ནས་ཁྱབ་སྤེལ་གཏོང་རྒྱུའི་རྒྱབ་སྐྱོར་འཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།  
         འགྲན་བསྡུར་ཆེན་པོ་གཙོ་གཉེར་ཕྱོགས་ཀྱི་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་བྱེད་ཡུན་ཟླ་བ་བཞི་ཡིན་པ་དང་། གསར་སྤེལ་བྱེད་མཁན་གྱིས་བརྩམས་ཆོས་འདོན་སྤྲོད་དང་། ཉེར་སྤྱོད་བྱ་རིམ་ལ་ཞིབ་བཤེར།  བྱ་དགའ་ཐོབ་པའི་ཉེར་སྤྱོད་བྱ་རིམ་དཔྱད་འདེམས། དཔྱད་འདེམས་བྱས་འབྲས་ཡོངས་བསྒྲགས་དང་བྱ་དགའ་སྤྲོད་རྒྱུ་སོགས་དུས་རིམ་ལྔ་ལ་དབྱེ་རྒྱུ་རེད།  འགྲན་བསྡུར་ལ་ཞུགས་པའི་ཉེར་སྤྱོད་བྱ་རིམ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། བོད་རིགས་ཀྱི་ཡུལ་སྲོལ་དང་རིག་གནས་གོམས་གཤིས་ལ་བརྩི་འཇོག་བྱ་དགོས་ཤིང་། སྐད་ཡིག་གི་ནང་དོན་དུ་བོད་ཡིག་ཀྱང་ཡོད་མཁན་སྔོན་དུ་དཔྱད་འདེམས་བྱ་རྒྱུ་དང་། བྱེད་ནུས་ཉེར་སྤྱོད་བྱ་རིམ་ནི་འགྲན་བསྡུར་ཆེན་པོའི་བརྗོད་གཞི་དང་ཧ་ཅང་མཐུན་པ་ཡིན་དགོས་པ་རེད།
         འགྲན་བསྡུར་ཆེན་པོ་གཙོ་གཉེར་ཕྱོགས་ཀྱིས་རྒྱ་ཆེའི་ཉེར་སྤྱོད་བྱ་རིམ་ལ་དགའ་པོ་བྱེད་མཁན་དང་ཚན་རིག་ཞིབ་འཇུག་ལས་ཁུངས་དང་དེ་བཞིན་གསར་སྤེལ་ཁེ་ལས་རྣམས་ཐེངས་འདིའི་འགྲན་བསྡུར་ཆེན་པོར་ཧུར་ཐག་ཞུགས་ནས་སྤྱི་ཕན་རང་བཞིན་ལྡན་པའི་བྱེད་སྒོ་འདི་སྤེལ་བར་བརྟེན་ནས་རིག་སྟོབས་ཐོན་ཁུངས་གཅིག་ཏུ་བསྒྲིལ་བ་དང་། བོད་ལྗོངས་ཆ་འཕྲིན་ཅན་དུ་འཕེལ་རྒྱས་གཏོང་བར་ཐུན་མོང་དུ་ཤུགས་སྣོན་རྒྱག་དགོས་པ་དང་། མཐོ་རིམ་སློབ་གྲྭ་དང་། ཞིབ་འཇུག་ལས་ཁུངས། འཕྲིན་སྦྲེལ་དྲ་བ་ཁེ་ལས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་ལས་མི་སྣ་ལས་གྲུབ་པའི་ཆེད་མཁས་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་ཉེར་སྤྱོད་བྱ་རིམ་དེ་ཉིད་བོད་རིགས་མང་ཚོགས་ཀྱི་འཚོ་བ་དང་ཉེ་བ་ཡིན་མིན་དང་བོད་རིགས་མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་ཐུབ་མིན་དང་། བྱེད་ནུས་འཐུས་སྒོ་ཚང་ཚད། དེ་བཞིན་ནང་དོན་དང་བརྗོད་བྱ་གཙོ་བོ་སྐྱོན་བྲལ་དགེ་མཚན་ལྡན་པ་ཡིན་མིན་སོགས་དཔྱད་འདེམས་སྒྲིག་སྲོལ་དུ་བཟུང་ནས་བྱ་དགའ་ཐོབ་འོས་པའི་ཉེར་སྤྱོད་བྱ་རིམ་དཔྱད་འདེམས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         འགྲན་བསྡུར་ཆེན་པོ་ནི་དྲ་ཐོག་ནས་མིང་ཐོ་འགོད་ཐབས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། འགྲན་བསྡུར་ཆེན་པོར་ཞུགས་མཁན་གྱིས་ཟླ་1ཚེས་17ཉིན་ནས་ཟླ་4ཚེས་4ཉིན་བར་འགྲན་བསྡུར་ཆེན་པོའི་གཞུང་ཕྱོགས་དྲ་ཚུགས་ཀྱི་མིང་ཐོ་འགོད་ས་ནས་འགྲན་ཞུགས་བརྩམས་ཆོས་འདོན་སྤྲོད་བྱས་ཆོག་པ་རེད། 
        འགྲན་བསྡུར་ཆེན་པོའི་མིང་ཐོ་འགོད་ས་ནི་https://dev.mi.com/tdc
         འབྲེལ་གཏུག་སྦྲག་སྒམ་ནི་ tdc-dev@xiaomi.com 
         གཞུང་ཕྱོགས་ཀྱི་QQཚོགས་ནི་543298256བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།