མི་དམངས་དྲ་བ།

༄༅།།ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་ཐད་དམིགས་ཚད་ཁག་བཅུ་དྲུག་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་གྱི་ཕྱི་དྲོ། གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཆུ་བེད་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་། སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་《ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》པར་འགྲེམས་བྱས་པ་རེད། 《འཆར་འགོད་》ནང་ཤྭ་འགོག་ཐན་འགོག་བྱས་ནས་གནོད་འཚེ་ཉུང་དུ་གཏོང་བ་དང་། ཆུ་གྲོན་ཆུང་ངང་སྤྱོད་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཆུ་མཁོ་འདོན་བྱེད་པ། ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཆུ་བེད་སྒྱུར་བཅོས་དོ་དམ་སོགས་ཕྱོགས་དྲུག་གི་ཐད་དམིགས་ཚད་ཁག་བཅུ་དྲུག་བཏོན་པ་རེད།
          གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་ནང་ཆུ་སྤྱོད་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་6700ཡི་ནང་ཚོད་འཛིན་བྱེད་པ་དང་། སྒོར་ཁྲི་ལོན་པའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཆུ་སྤྱོད་ཚད་དང་སྒོར་ཁྲི་ལོན་པའི་བཟོ་ལས་འཕར་སྣོན་རིན་ཐང་གི་ཆུ་སྤྱོད་ཚད་2015ལོ་དང་བསྡུར་ན་23%དང་20%སོ་སོར་ཆག་ཡོད། གཙོ་བོའི་གཙང་ཆུ་དང་མཚེའུ་ཡི་ཆུའི་རྩོལ་ནུས་ཁུལ་གྱི་ཆུའི་སྤུས་ཚད་ཚད་ལོན་ཚད་80%ཡན་མཐོ་རུ་ཕྱིན་པ་བཅས་ཚུད་ཡོད།
          སྔོན་དཔག་རང་བཞིན་གྱི་དམིགས་ཚད་ནང་ཆུ་ལོག་གི་གནོད་འཚེ་དང་ཐན་པའི་གནོད་འཚེ་ལོ་རེར་ཐོན་ཚད་0.6%དང་0.8%སོ་སོའི་ནང་ཚོད་འཛིན་བྱེད་པ་དང་། ཞིང་ཆུ་བེད་སྤྱོད་ནུས་ལྡན་ཐུབ་པའི་གྲངས་གཞི་0.55ཡན་མཐོ་རུ་ཕྱིན་པ། ཆུ་མཁོ་འདོན་བྱེད་པའི་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་270མང་དུ་ཕྱིན་པ། གྲོང་གསེབ་ཀྱི་རང་འབབ་ཆུ་ཀ་ལ་ཁྱབ་ཚད་80%ཡན་ཟིན་པ། གྲོང་གསེབ་ཀྱི་གཅིག་སྡུད་རང་བཞིན་གྱི་ཆུ་མཁོ་འདོན་བྱེད་པའི་མི་འབོར་གྱི་བསྡུར་ཚད་85%ཡན་ཟིན་པ། ནུས་ལྡན་ངང་ཞིང་ཆུ་འདྲེན་ཚད་རྒྱ་ཁྱོན་མུའུ་ཁྲི་3000མང་དུ་ཕྱིན་པ། ཕན་འབྲས་མཐོ་བའི་ཆུ་གྲོན་ཆུང་གི་ཞིང་ཆུ་གཏོང་ཚད་རྒྱ་ཁྱོན་མུའུ་དུང་ཕྱུར་1མང་དུ་ཕྱིན་པ། ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་འཕྲུལ་འཁོར་གྱི་ཤོང་ཚད་ཆན་ཝ་ཁྲི་500མང་དུ་ཕྱིན་པ། ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཚད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་27མང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་དང་བཟོ་ལས་ཀྱི་ཆུ་སྤྱོད་ཚད་དང་ཞིང་ལས་ཀྱི་ཆུ་འདྲེན་ཚད་85%དང་70%སོ་སོར་ཟིན་པ་བཅས་ཚུད་ཡོད།