འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྙན་རོང་དུ་ས་ཡོམ་རིམ་པ་5.1བརྒྱབ་ནས་སྡོད་ཁང་200ལྷག་ཙམ་ལ་གཏོར་
    སྐྱོན་ཤོར་བ་དང་མི་800ལྷག་ཙམ་ལ་གནོད་འཚེ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་བར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཚེས་5ཉིན། བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པའི་ནང་། མི་གྲངས་885ལ་གནོད་འཚེ་ཕོག་པ་དང་སྡོད་ཁང་247ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་པ་རེད།
             2016ལོའི་ཟླ་12ཚེས་5ཉིན་གྱི་ཆུ་ཚོད་5དང་སྐར་མ་34ཡི་ཐོག བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པར་སྙན་རོང་དང་ཨ་མདོ་རྫོང་གཉིས་ཀྱི་ཤང་དང་གྲོང་རྡལ་བཅུ་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད།
            ཚེས་8ཉིན། གསར་འགོད་པར་བོད་ལྗོངས་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ས་ཡོམ་ནང་མི་སྣ་དང་ཕྱུགས་རིགས་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་ལ་མང་ཚོགས་ཚོའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་མེད། ས་གནས་དེ་གའི་དམངས་སྲིད་སྡེ་ཚན་གྱིས་བསྡོམས་རྩིས་རགས་ཙམ་་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་ལས་སྙན་རོང་རྫོང་དང་ཨ་མདོ་རྫོང་གཉིས་ཀྱི་སྡོད་ཁང་247ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དང་མང་ཚོགས་885ལ་གནོད་འཚེ་ཕོག་པ་དེའི་ནང་མི་5ཡོད་པའི་དུད་ཚང་1གི་སྡོད་ཁང་ལོག་པ་དང་། མི་གྲངས་120ཡི་སྡོད་ཁང་24ལ་གནོད་འཚེ་ཚབས་ཆེན་ཕོག་པ། མི་གྲངས་760ཡི་སྡོད་ཁང་222ལ་གནོད་འཚེ་འབྲིང་ཙམ་ཕོག་པ་བཅས་དང་ཨ་མདོ་རྫོང་བེ་རུ་དགོན་གྱི་འདུ་ཁང་ལ་ཚད་གཞི་མི་འདྲ་བའི་སེར་ག་མང་པོ་ཤོར་ཡོད་པ་རེད།
            མིག་སྔར། ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་Ⅳརིམ་པའི་འཕྲལ་སྡོམ་བརྡ་ལན་འཕྲལ་དུ་ལག་བསྟར་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པ་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཞིང་། སྙན་རོང་རྫོང་དང་ཨ་མདོ་རྫོང་གིས་མ་དངུལ་དང་། གུར། སྲིང་བལ་ཉལ་ཆས་སོགས་སྤྲད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་པས། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་གནས་དང་། འཚོ་བ། དྲོད་སྲུང་སོགས་ཀྱི་དགོས་མཁོ་སྤྱིར་ན་འགན་ལེན་ཐུབ་པ་མ་ཟད། འབུད་རྫས་དང་འབྲུ་རིགས་སོགས་དངོས་རྫས་འདང་ངེས་ཡོད་པ་རེད།
            གཞན་ཡང་། ས་གནས་དེ་གས་ད་དུང་མང་ཚོགས་ཚོའི་སྡོད་ཁང་གི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་བྱས་པ་དང་འབྲེལ། ལྕགས་ལམ་ལམ་རྒྱུད་དང་། སློབ་གྲྭ སྨན་ཁང་། “འགན་ལེན་ལྔའི”གཅིག་སྡུད་བསྙེན་བཀུར་ལྟེ་གནས་སོགས་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་པ་དང་། དུས་མཚུངས་ཉེན་ཡོད་སྡོད་ཁང་ཉེ་འགྲམ་དུ་དྲན་སྐུལ་ཐ་ཚིག་སྦྱར་བ་དང་མང་ཚོགས་ལ་གནོད་འཚེ་སྔོན་འགོག་གི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ནས་ཞོར་ཐོན་གནོད་འཚེ་ནུས་ཤུགས་ཡོད་རྒུས་མི་ཐོན་པ་བྱས་པ་རེད།
            བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་པའི་སྙན་རོང་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཙམ་ཟིན་ཞིང་། རྫོང་དེ་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་མ་ཟད། ཁོངས་གཏོགས་ཁུལ་1དང་ཤང་9དང་རྫོང་ཡོངས་ལ་མི་ཁྲི་2ལྷག་ཙམ་ལས་མེད་པ་རེད།
            ཀྲུང་གོ་ས་ཡོམ་ལྟ་ཞིབ་ཚད་ལེན་དྲ་བས་མྱུར་སྤེལ་སྙན་ཞུའི་དཀར་ཆག་གཞིར་བཟུང་། ད་ཐེངས་ཀྱི་ཡོམ་ལྟེའི་ཉེ་འཁོར་གྱི་སྤྱི་ལེ་200ཡི་སར། ཉེ་བའི་ལོ་ལྔའི་ནང་རིམ་པ་4ཡན་གྱི་ས་ཡོམ་ཁྱོན་ཐེངས་21བརྒྱབ་པ་དེའི་ནང་ས་ཡོམ་རིམ་པ་མཐོ་ཤོས་ནི་2016ལོའི་ཟླ་1ཚེས་14ཉིན་ནག་ཆུ་ས་ཁུལ་ཨ་མདོ་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ་5.3དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།