འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་མོར་པན་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོ་ཅན་གྱི་འབྱུང་འགྱུར་
    ལ་གྲོས་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་མོར་པན་དུ“གོ་ལ་ཧྲིལ་པོ་ཅན་གྱི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཚོགས་འདུ་འཚོགས་ཏེ་མིག་སྔར་གོ་ལ་ཧྲིལ་པོ་ཅན་ལ་འགལ་རྐྱེན་འཕྲད་པ་དང་རང་མོས་ཉོ་ཚོང་ལ་ངོ་རྒོལ་བྱེད་པའི་རྣམ་པ་ཐོན་དང་ཐོན་བཞིན་པའི་སྐབས་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོ་ཅན་ལ་མདུན་ལྗོངས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྲོས་བསྡུར་བྱས་པར་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་དེའི་སྐོར་ཀུན་གྱིས་ཚ་ཚ་འུར་འུར་ངང་གླེང་བཞིན་ཡོད་པ་རེད།
            པོ་ཨའོ་གླེང་སྟེགས་ཀྱི་ལས་འཛིན་ཀྲང་གཞོན་པ་ཀྲུང་གོ་ཕྱོགས་ཀྱི་དབུ་བཞུགས་འཐུས་མི་ཙེང་ཕེ་ཡན་གྱིས་འགོ་ཚུགས་གཏམ་བཤད་ནང་གོ་ལ་ཧྲིལ་པོ་ཅན་ནི་འཛམ་གླིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་ཁ་ཕྱོགས་ཡིན་པས་མཚམས་ཆད་པའམ་ཇེ་སྡུག་ཏུ་འགྲོ་མི་སྲིད་མོད། འོན་ཀྱང་ཟམ་མི་ཆད་པར་མཉམ་འདྲེས་དང་སྙོམས་སྒྲིག་ཡོང་བ་བྱེད་པའི་བརྒྱུད་རིམ་ཞིག་དགོས་ཀྱི་ཡོད། མིག་སྔར་གོ་ལ་ཧྲིལ་པོ་ཅན་གྱི་འགལ་རྐྱེན་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་སྤྱིའི་སྒྲིག་སྲོལ་ལམ་ལུགས་དང་། རྒྱུ་ནོར་བགོ་བཤའི་ལམ་སྲོལ། དཔལ་འབྱོར་སྒྲིག་གཞི་ཁག་གི་ནང་ངོས་གྲུབ་ཆ་སྙོམས་སྒྲིག་བཅས་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་དང་འཚམ་པོ་མེད་པས་ཡིན། གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་རྒྱལ་ཁབ་ཁག་གིས་ལྟ་སྟངས་ཡང་དག་འཛིན་ནས་དེ་སེལ་ཐབས་དང་གསབ་ཐབས་ཧུར་ཐག་བྱེད་དགོས་ཞེས་གསུངས།
             ཙེང་ཕེ་ཡན་གྱིས་སྐྱོན་བྲལ་དང་རྒྱུན་སྲིང་གི་གོ་ལ་ཧྲིལ་པོ་ཅན་ལ་བསྟུན་མཁས་དང་། དྲང་གཞག མཐུན་སྦྱོར། གསར་གཏོད་བཅས་ཀྱི་ཁྱད་ཆོས་ལྡན་དགོས། དེས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མཉམ་ཤུགས་ཆགས་པ་བྱས་ཏེ་གོ་ལ་ཧྲིལ་པོ་ཅན་་དེ་ཉིད་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཐབས་ལམ་གལ་ཆེན་ལ་བརྩི་དགོས། ད་ཡོད་ཀྱི་གོ་ལ་ཧྲིལ་པོ་ཅན་བཅོས་སྐྱོང་སྒྲིག་གཞིའི་ཁྲིད་སྟོན་དང་། ལྟ་སྐུལ་དོ་དམ། ཡོ་བསྲང་བཅས་ཀྱི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་བཏོན་ཏེ་དཔལ་འབྱོར་སྒྲིག་གཞི་ཁག་གི་སྲིད་ཇུས་ལག་ལེན་བསྟར་ནུས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། ཁེ་ཕན་བགོ་བཤའ། ཉོ་ཚོང་ལམ་སྲོལ་མཐུན་སྦྱོར། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་རྒྱལ་ཁབ་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བས་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
              ཨེ་ཤེ་ཡ་དང་། རྒྱ་མཚོ་ཆེ་མོའི་གླིང་། གསར་དར་དཔལ་འབྱོར་སྒྲིག་གཞི་བཅས་ཀྱི་རྒྱལ་ཁབ་10ལྷག་ཙམ་གྱི་འཐུས་མི་300ལྷག་ཙམ་གྱིས་གོ་ལ་ཧྲིལ་པོ་དང་། ས་ཁོངས་ཉོ་ཚོང་གྲོས་ཆོད། རྒྱལ་སྤྱིའི་མ་རྩ་འཁོར་རྒྱུག མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཀྱི་གྲོས་ཆོད་ལ་གྲོས་བསྡུར་གཏིང་ཟབ་བྱས་ཡོད། ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་ངང་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་དབྱེ་ཞིབ་དང་གོ་ལ་ཧྲིལ་པོ་ཅན་ལ་འཕྲད་པའི་འགྲན་སློང་དང་གནད་དོན་སེལ་བར་མཐོང་ཆེན་བྱས་ཏེ་ཐུན་མོང་གི་འབད་བརྩོན་བརྒྱུད་འཛམ་གླིང་ཡོངས་ལ་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ནས་ཕན་པ་ཐོབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།