འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི"གནམ་ས་གཞི་གཅིག་ཅན"གྱི་སྣོད་བཅུད་ལྟ་ཞིབ་
    ཚད་འཇལ་མ་ལག་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཅུས་དེས་ཀྲུང་གོའི་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དང་མཉམ་ལས་གྲོས་མཐུན་བཞག་ནས་འབྱུང་འགྱུར་ལོ་4ཡི་རིང་སྲུང་སྐར་རྒྱང་ཚོར་དང་། བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན། སྲུང་སྐར་འཕྲིན་གཏོང་སོགས་བར་སྣང་ལག་རྩལ་རིམ་བཞིན་ནང་འདྲེན་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ཚན་རྩལ་འདུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུ་རེད།
          གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་མཚོ་སྔོན་ཞིང་ཆེན་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཞའོ་ནན་གྱིས་འདས་ཟིན་པའི་ལོ་10ཡི་རིང་གཙང་གསུམ་ཆུ་འགོའི་ས་ཁུལ་གྱིས་ལྟ་སྐུལ་ཚོད་འཛིན་བརྙན་མིག་དང་། དེ་བཞིན་གློག་རྡུལ་གྲངས་གཞི་འཚོལ་བསྡུའི་སྒྲིག་ཆས་བསྒར་བ་བརྒྱུད། ནུས་པ་ཅུང་འཐུས་སྒོ་ཚང་བའི་སྣོད་བཅུད་ལྟ་ཞིབ་ཚད་འཇལ་སྔོན་བརྡའི་མ་ལག་རགས་ཙམ་བསྐྲུན་པ་དང་། ལྟ་ཞིབ་ཚད་འཇལ་བྱེད་ས་དེ་ཆེས་ཐོག་མའི་100ཙམ་ནས་ད་ཆའི་1000ལྷག་ཙམ་བར་མང་དུ་བཏང་བས། སྣོད་བཅུད་ཞིབ་འཇུག་དང་སྣོད་བཅུད་ཁྲིམས་འགལ་བཀག་འགོག་བྱེད་པ་སོགས་ཐད་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ལི་ཞའོ་ནན་གྱིས་འབྱུང་འགྱུར་ལོ་4ཡི་རིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་རང་རྒྱལ་གྱི་རང་བདག་བར་སྣང་ལག་རྩལ་སྤྱད་དེ་ས་ཁོངས་ཀྱི་སྣོད་བཅུད་རྒྱང་ཚོར་སྲུང་སྐར་ལྟ་ཞིབ་ཚད་འཇལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། ས་ངོས་ལྟ་ཞིབ་ཚད་འཇལ་བྱེད་ས་2000ལྷག་ཙམ་བར་རིམ་བཞིན་མང་དུ་གཏོང་རྒྱུ་དང་། ལྟ་ཞིབ་ཚད་འཇལ་ཁྱབ་ཁོངས་ཆུ་ནང་སྲོག་ཆགས་དང་རྩི་ཤིང་སོགས་སྔོན་ཆད་རེག་མྱོང་མེད་པའི་ས་ཁོངས་སུ་ཞིབ་ཚགས་སུ་གཏོང་རྒྱུ་རེད། མ་ལག་བསྐྲུན་རྗེས་མཐར“གནམ་ས་གཞི་གཅིག་ཅན”མཉམ་འགུལ་གཞོགས་འདེགས་མངོན་འགྱུར་བྱུང་ནས་སྣོད་བཅུད་གྲངས་གཞི་མཉམ་སྤྱོད་དང་ཕན་ཚུན་འབྲེལ་མཐུད་ཐུབ་རྒྱུ་རེད་ཅེས་བཤད།
          “མ་ལག་དེ་ལས་བྱུང་བའི་སྣོད་བཅུད་ས་བཀྲ་བར་ཐག་སྨི་0.5བར་ཞིབ་དག་ཏུ་ཕྱིན་ནས་སྤྱི་གླིང་གི་མིའི་རིགས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་འགུལ་སྐྱོད་བྱེད་ཚུལ་དང་དེ་བཞིན་འཁྱག་རོམ་དང་། རྩྭ་ཐང་། འདམ་ར་སོགས་སྣོད་བཅུད་མ་ལག་སླར་གསོ་ཐུབ་ཚུལ་གསལ་ཐག་ཆོད་མཐོང་ཐུབ”ཅེས་ལི་ཞའོ་ནན་གྱིས་བཤད་པ་དང་། སྤྱི་གླིང་གི་ཚན་རིག་ཞིབ་འཇུག་ལ་ཞབས་འདེགས་ཞུ་བ་ཕུད། སྐབས་འདི་དང་བསྟུན་ནས་གྲངས་གཞི་དེ་དག་ལོ་ལྟར་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ལ་གྲུབ་འབྲས་མཉམ་སྤྱོད་བྱེད་པ་དང་དུས་མཚུངས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།