འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མི་གཅིག་ཀྱང་ལུས་མི་རུང་།

    —— མཚོ་སྔོན་ཡུལ་ཤུལ་རྫ་སྟོད་ཀྱི་ས་ཡོམ་གེགས་སེལ་གྱི་སྐོར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཨ་སྟོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆོས་སྐྱོང་གནམ་གྱིས་རླངས་འཁོར་བཏང་ནས་ཤང་གྲོང་གི་འགོ་ཁྲིད་ཁ་ཤས་དང་མཉམ་དུ་ཀྱག་ཀྱོག་གི་རི་ལམ་བརྒྱུད། ཨ་སྟོད་ཤང་དོ་རྒྱ་གྲོང་ཚོའི་འབྲོག་པ་དུད་ཚང་རེ་རེ་བཞིན་ལ་ས་ཡོམ་བརྒྱབ་རྗེས་ཀྱི་གནོད་འཚེའི་གནས་ཚུལ་སྐད་ཆ་འདྲི་བར་བསྐྱོད། གྲོང་ཚོ་དེའི་འབྲོག་པ་སྐར་བཀྲས་འཕྲལ་མར་ཁོང་ཚོ་རང་ཁྱིམ་གྱིས་བརྒྱབ་པའི་གུར་དུ་གདན་དྲངས་ཏེ“ཕྱིར་གནམ་གཤིས་ཧ་ཅང་གྲང་མོ་འདུག འོ་ཇ་བཞེས་དང”ཞེས་བརྗོད།
         མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་ཨ་སྟོད་ཤང་དོ་རྒྱ་གྲོང་ཚོར་ས་བབ་མཐོ་ཚད་སྨི་4373ཡོད་པ་དང་། རྫ་སྟོད་རྫོང་གྲོང་དང་བར་ཐག་སྤྱི་ལེ་49ཡི་ས་ནི་རྫ་སྟོད་རྫོང་གི་ས་ཡོམ་གྱི་ཡོམ་ལྟེ་རེད།
         ཟླ་10ཚེས་17ཉིན་གྱི་ཆུ་ཚོད་15དང་སྐར་མ་14དང་སྐར་ཆ་42ལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་རེད།
         ས་ཡོམ་བརྒྱབ་རྗེས་གསར་འགོད་པ་མཚན་མོ་དེ་རང་དུ་རྫ་སྟོད་རྫོང་ལ་བཅར་འདྲིར་བསྐྱོད་པ་དང་ས་ཆ་དེ་གར་གངས་འབབ་བཞིན་ཡོད་པས་དྲོད་ཚད་ཀྱང་ཀླད་སྐོར་འོག་བར་ཆག་ཡོད། དོ་རྒྱ་གྲོང་ཚོའི་འབྲོག་པའི་རྩྭ་ཐང་སྐྱ་ཐིང་ངེར་གྱུར།
         ཨ་སྟོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུན་ཟླ་ཡིས་ཨ་སྟོད་ཤང་ཁོངས་སུ་སྟོབས་རྒྱལ་དང་། ཕུག་གུ ཝ་ཁུག སྤྱི་གནས་བཅས་གྲོང་ཚོ་ཨུ་ལྷན་4དང་སྡེ་ཁུལ་12ཡོད་པར་ཁྱོན་དུད་ཚང་1780དང་མི་གྲངས་8575ཡོད། དེ་གར་རི་མཐོ་ལ་གྲོག་རོང་གཏིང་ཟབ། ཡུལ་མི་ཁ་ཐོར་དུ་གནས་པ་དང་ས་ཆ་མང་ཆེ་བ་འབྲོག་ཁྱིམ་གྱི་རྩྭ་རར་གྱུར་ཡོད། ཐག་རིང་ཤོས་ཀྱི་ཕུག་གུ་གྲོང་ཚོའི་འབྲོག་དུད་ཤང་སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ་130ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱས།
         ཝུན་ཟླ་ཡིས“ས་ཡོམ་བརྒྱབ་རྗེས་ང་ཚོའི་ལས་བྱེད་པ་50ལྷག་ཙམ་ཨ་སྟོད་ཤང་གི་སྡེ་ཁུལ་12སུ་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་བྱེད་པར་ཕྱིན་པ་རེད། ད་ཆ་གྲོང་གསེབ་ཀྱི་གཞུང་ལམ་ཆ་རྐྱེན་ལེགས་སུ་ཕྱིན་པས་ཚང་མས་རླངས་འཁོར་བཏང་ནས་འགྲོ་ཡི་ཡོད་མོད། འོན་ཀྱང་ང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་ཀྱང་མ་ལུས་པའི་ཆེད་ཐག་རིང་གི་ས་ཆར་རྟ་བཞོན་ནས་བསྐྱོད་པ་ཡིན”ཞེས་བཤད།
         ས་ཡོམ་བརྒྱབ་རྗེས་ཆོས་སྐྱོང་གནམ་དང་ཤང་གྲོང་གི་ལས་བྱེད་པ་གཞན་ལས་གྲུབ་པའི་ལས་དོན་ཚོགས་ཆུང་12གྲོང་ཚོ་དང་སྡེ་ཁུལ་དུ་འབྲོག་པར་གནོད་འཚེ་ཕོག་ཚུལ་བརྟག་དཔྱད་བྱེད་པར་བསྐྱོད་པ་དང་། སྡེ་ཁུལ་12ཁྲོད་8ཀྱིས་གནོད་འཚེའི་གནས་ཚུལ་གྱི་ཚུར་ལན་བསམ་འཆར་བཏོན་ཡོད། མིག་སྔའི་བར་རྫོང་དེར་ས་ཡོམ་གྱིས་རྐྱེན་པས་མི་སྣ་ཤི་རྨས་བྱུང་མེད།
         གསར་འགོད་པས་གནོད་འཚེ་ཕོག་པའི་གྲོང་ཚོར་བཅར་འདྲི་བྱེད་པར་སྐྱོད་སྐབས། ཡོམ་འགོག་གི་རིམ་པ་ཅུང་མཐོ་བའི་ཞིང་འབྲོག་པའི་གནས་གཏན་འཁེལ་བྱ་ཡུལ་དུ་སྡོད་ཀྱི་ཡོད་རུང་། 2010ལོའི་ཡུལ་ཤུལ་གྱི་ས་ཡོམ་བརྒྱུད་མྱོང་བའི་འབྲོག་པ་ཚོའི་ཡོམ་འགོག་གི་བསམ་བློ་ཧ་ཅང་བརྟན་པོ་ཡོད། ཁོང་ཚོས་རང་ཁྱིམ་གྱི་སྒོ་རའི་ནང་དུ་གནས་སྐབས་བརྒྱབ་པའི་གེགས་སེལ་གུར་དུ་སྡོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། དོ་རྒྱ་གྲོང་ཚོའི་སྡེ་ཁུལ་2པ་ནས་སླེབས་པའི་འབྲོག་པ་ཀུན་དགས“གུར་དུ་བསྡད་ཚེ་དགོང་མོ་གྲང་ཙམ་ཡོད་རུང་། ང་ཚོ་བློ་བདེ་པོ་འདུག”ཅེས་བཤད།
         རྫ་སྟོད་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཙེ་ཡུན་གྱིས་ས་ཡོམ་བརྒྱབ་རྗེས། རྫོང་ནོར་སྲིད་ཀྱིས་འཕྲལ་མར་མ་དངུལ་སྒོར་ཁྲི་300བཏང་ནས་ཉེན་སྐྱོབ་གུན་སེལ་དང་། མེ་སྐྱོན་སྔོན་འགོག གནས་སྐབས་བཀོད་སྒྲིག་སོགས་ལ་སྤྱད་ཡོད། གནོད་འཚེའི་གནས་ཚུལ་གཞིར་བཟུང་རྫོང་དེས་མཛོད་ཉར་གེགས་སྐྱོབ་གུར་300རྫོང་གྲོང་གི་གྲོང་མིར་བགོ་བཤའ་བརྒྱབ་པ་དང་། ཀྲོའུ་དམངས་སྲིད་ཅུས་ཀྱིས་སྔ་སྣུར་དུ་གུར་500སྤྲད་ནས་རྫོང་གྲོང་གི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་9བཙུགས་པ་དང་། ཤང་གྲོང་དང་གྲོང་ཚོ་ཁག་ཏུ་བཀོད་སྒྲིག་བྱ་ཡུལ་སོ་སོར་བཙུགས་ཡོད། གཅིག་སྡུད་དང་། ཁ་ཐོར། རང་ཚུགས་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་གྲལ་བཤེར་ཐུབ་པའི་དུད་ཚང་3421ཚང་མ་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         གསར་འགོད་པས་རྫ་སྟོད་རྫོང་གྲོང་ནས་སྡེ་ཁུལ་ཁག་གཅིག་ལ་གནས་སྐབས་བརྒྱབ་པའི་གེགས་སེལ་བཀོད་སྒྲིག་གུར་ཁག་གཅིག་ཡོད་པ་ཕུད། རྫོང་གྲོང་གི་འཚོ་བར་ཤུགས་རྐྱེན་ངན་པ་ཕོག་མེད་པ་ཤེས་རྟོགས་བྱུང་། རྫ་སྟོད་རྫོང་སློབ་གསོ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་རྒྱལ་གྱིས“ས་ཡོམ་བརྒྱབ་རྗེས་རྫོང་ཡོངས་ཀྱི་སློབ་གྲྭ་21གི་སློབ་མ་ཚང་མ་འཕྲལ་མར་ཁ་བཀྲམས་ཏེ་རང་ཁྱིམ་དུ་བསློགས་པ་རེད”ཅེས་བཤད།
         རྫ་སྟོད་རྫོང་ནི་རང་རྒྱལ་དུ་སྐད་གྲགས་ཆོད་པའི་དབྱར་རྩྭ་དགུན་འབུ་ཐོན་ཡུལ་རེད། རྫོང་གྲོང་གི་དབྱར་རྩྭ་དགུན་འབུའི་ཁྲོམ་རར་སྐྱོད་སྐབས། མིས་ཁེངས་པ་དང་ཚོང་ཁང་ཁག་སྔར་རྒྱུན་བཞིན་སྒོ་ཕྱེ་འདུག ཀན་སུའུ་ལིན་ཞ་ནས་སླེབས་པའི་སྦྱིན་བདག་ལུའུ་ཕུའུ་ལུའུ་ཡིས་གསར་འགོད་པར“འདི་ལོའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚོད་ཡོལ་རྗེས། ཟླ་6པ་ནས་12པའི་བར་ང་ཚོས་རྒྱུན་མཐུད་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། ཉེ་དུས་འབྲོག་པ་མི་ཉུང་བ་ཞིག་གིས་རང་ཉིད་ཀྱིས་འཐུས་པའི་དབྱར་རྩྭ་དགུན་འབུ་ཁྲོམ་རར་འཚོང་བར་ཡོང་གི་འདུག”ཅེས་བཤད།
         རྫ་སྟོད་རྫོང་རན་ཙེ་ནན་སྡེ་ཁུལ་གྱི་འགན་འཁུར་བ་ཤིས་ཏིང་གིས“དུས་ཚིགས་འདིར་ཡུལ་ཤུལ་དུ་དྲོད་སྲུང་གི་དུས་སུ་སླེབས་པས། རྫ་སྟོད་རྫོང་གི་མང་ཚོགས་ཁྲི་6.7གྱི་ཁྲོད་མི་ཁྲི་5ཙམ་རྫོང་གྲོང་དུ་སྡོད་ཀྱི་ཡོད། གཤམ་ལ་ང་ཚོའི་ལས་ཀ་གལ་ཆེ་ཤོས་ནི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུ་དེ་ཡིན་པ་མ་ཟད། དྲོད་སྲུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རེད”ཅེས་བཤད།
         དོ་རྒྱ་གྲོང་ཚོའི་གྲོང་མི་དཔལ་མཚོའི་ནང་མི་ཚོ་གུར་དུ་སྤོས་པ་མ་ཟད། གུར་གྱི་ནང་དུ་མེ་ཐབ་གཏོང་གི་ཡོད། ཕྲུ་གུ་ཚོ་མི་འཁྱག་པའི་ཆེད་ཁོང་གིས་ཐབ་ལ་ལྕི་བ་མཚམས་མི་ཆད་པ་རྒྱག་གི་ཡོད། ཁོང་གི་ཕ་སྐལ་བྷས་མ་ཎི་སྐོར་བཞིན་དུ“སླར་ཡང་ཡོམ་འཕྲོ་མ་བརྒྱབ་པར་བདེ་སྐྱིད་ལྡན་པའི་རྫ་སྟོད་ནམ་ཡང་གནས་རེ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད། ༼ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཁེ་དང་ལི་ལིན་ཧའེ་ཡིས།༽
      

    ཕྱོགས་བསྡུས་གསར་འགྱུར།