འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་2100ལ་
    སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་དང་། རྩེ་མོ་མཁའ་ལ་ཟུག་འདྲའི་ཇོ་མ་གླང་མ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་སོགས་བོད་ཀྱི་ཡུལ་སྐོར་ལས་རིགས་འདི་ལོ་ཡང་ཧ་ཅང་འཁྲུག་པོ་བྱུང་ནས། ཟླ་དང་པོ་ནས་དགུ་པའི་བར་རིམ་རྩིས་བརྒྱབ་ན་ཀྲུང་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་2100ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་20.4%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་287ཟིན་ནས་དུས་མཚུངས་ལས་25.9%འཕར་ཡོད་པ་རེད།
         འདི་ལོ་ཚུན་དུ། བོད་ཀྱི་ས་གནས་ཁག་ཏུ་སྤེལ་བའི་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོགས། བོད་ཀྱི་ལོ་གསར་དང་། དཔྱིད་ཀ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན། དབྱར་ཁ་ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན། གཞིས་རྩེ་ཇོ་མོ་གླང་མའི་རིག་གནས་དུས་ཆེན། ལྷ་སའི་ཞོ་སྟོན། བོད་ལྗོངས་ཡུལ་སྐོར་རིག་གནས་འགྲེམས་ཚོགས་སོགས་དུས་ཆེན་ཡུལ་སྐོར་ནི་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད།
         ལྷ་སའི་ཞོ་སྟོན་རིང་། ལྷ་ས་གྲོང་ཁྱེར་གྱིས་གོས་སྐུ་འགྲེམས་པ་དང་། ལྷ་མོ་འཁྲབ་སྟོན། ཐང་ག་འགྲེམས་སྟོན། བོད་ལུགས་ཀྱི་ཁྱད་ལྡན་ཞིམ་ཟས་འགྲེམས་ཚོང་སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་བ་དང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཞོ་སྟོན་ཉིན་བདུན་རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་200.29ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་17.43%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་6.24ཟིན་ནས་དུས་མཚུངས་ལས་23.81%འཕར་ཡོད།
         བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས། འདི་ལོ་ཚུན་དུ། བོད་ཀྱིས“ཇ་རྟའི་ཚོང་ལམ་རྒྱུད་ཀྱི་བོད་ཀྱི་སྦས་ཡུལ་བཙལ་ནས་རིག་གནས་མཉམ་འདྲེས་མྱོང་ཚོར་བྱེད་པའི་ཡུལ་སྐོར”ཞེས་པའི་ཡུལ་སྐོར་རིག་གནས་ཁྱབ་སྤེལ་བྱེད་སྒོ་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་ཁྱབ་སྤེལ་གཟའ་འཁོར་སོགས་ཡུལ་སྐོར་ཚོང་གཉེར་གཙོ་གནད་བྱེད་སྒོ་ཇུས་འགོད་ཧུར་ཐག་བྱེད་ཀྱི་ཡོད་པ་དང་ཆབས་ཅིག ཡུལ་སྐོར་ཞབས་ཞུ་ཚད་ལྡན་འཛུགས་སྐྲུན་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེར་སོན་ཅན་ཚོད་ལྟའི་ལས་དོན། ཡུལ་སྐོར་གསང་སྤྱོད་གསར་བརྗེ་བཅས་ཁྱོན་ཡོངས་ནས་སྤེལ་ཏེ་བོད་ལྗོངས་ཡུལ་སྐོར་གྱི་འགྲན་རྩོད་ནུས་ཤུགས་དང་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས།
         མིག་སྔར་བོད་ལྗོངས་ཀྱི་ཡུལ་སྐོར་ཡུལ་སྐོར་བ་ཉུང་བའི་དུས་སྐབས་སུ་སླེབས་པས། ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བའི་གྲངས་ཚད་དང་ལྟ་སྐོར་དུས་ཚོད་ལ་ཚོད་འཛིན་མི་བྱེད་པ་མ་ཟད། མེ་འཁོར་སྤ་སེ་ཡང་ཅུང་འབེལ་པོ་ཡོད་པ་དང་། གནམ་གྲུའི་སྤ་སེའི་རིན་གོང་ཡང་བཅག་ནས་འཚོང་གི་ཡོད་པ། རླངས་འཁོར་དང་། ཨར་ཁང་། མཛེས་ལྗོངས་ཁུལ་བཅས་ཀྱི་ཐད་ལ་དེ་ལ་དེར་བསྟུན་གྱི་གཟིགས་སྐྱོང་སྲིད་ཇུས་ཡོད། བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ལྷ་སའི་སེམས་ཀྱི་ཡུལ་སྐོར་དང་། ཇོ་མོ་གླང་མ་མཇལ་བའི་ཡུལ་སྐོར། ནག་ཆུའི་རྩྭ་ཐང་གི་ཡུལ་སྐོར་སོགས་བོད་ཀྱི་དགུན་དུས་ཡུལ་སྐོར་ལམ་ཐིག་9བཏོན་པ་དེས་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།