འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་ཇུས་འདོན་ཚོགས་པ་དང་ཡོ་རོབ་
    གྲོས་ཚོགས་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན་དང་18ཉིན་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཡོ་རོབ་ཇུས་འདོན་ཚོགས་པ་དང་ཡོ་རོབ་གྲོས་ཚོགས་ལ་འཚམས་འདྲི་བྱས་ནས། བོད་ཀྱི་རིག་གནས་སྲུང་སྐྱོབ་དང་བོད་ཀྱི་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་སོགས་ཐད་ལ་ཡོ་རོབ་ཀྱི་མཁས་དབང་དང་། གྲོས་མི། མང་ཚོགས་དཀྱུས་མ་བཅས་དང་བཞུགས་མོལ་སྤེལ་རེས་བྱས་པ་དང་འབྲེལ། དངོས་གཞིའི་པར་གཞི་སྟོན་པ་སོགས་ཀྱི་བྱེད་སྒོར་ཞུགས་ཏེ། ཡོ་རོབ་ཀྱི་ལས་རིགས་ཁག་གི་མི་སྣར་བོད་ཀྱི་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
         ཚེས་17ཉིན། བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་དང་ཡོ་རོབ་མནའ་འབྲེལ་ཇུས་འདོན་ཚོགས་པའི་ཨེ་ཤེ་ཡའི་གནད་དོན་ཞིབ་འཇུག་ཁང་དབར་བཞུགས་མོལ་བྱས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས“བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས”སྐོར་ལ་གཏམ་བཤད་སྤེལ་ཏེ། དུས་ཡུན་རིང་པོའི་ནང་ཀྲུང་གོས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
         ཡོ་རོབ་མནའ་འབྲེལ་ཇུས་འདོན་ཚོགས་པའི་ཨེ་ཤེ་ཡའི་གནད་དོན་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ལག་བསྟར་དཔོན་ཨ་ཁེ་སེར·གེ་ཐར་སིས། བཞུགས་མོལ་གནང་བ་ལས་བོད་ཀྱི་རིག་གནས་ལ་ཤེས་རབ་ཀྱི་ཆ་གཏིང་ཟབ་ལྡན་པའི་མྱོང་ཚོར་བྱུང་ལ། ཀྲུང་གོ་ཕྱོགས་ཀྱིས་བོད་སྐད་ལ་སྲུང་སྐྱོབ་དང་བོད་ཀྱི་རིག་གནས་འཕེལ་རྒྱས་བཏང་བར་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཚེས་18ཉིན། བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཡོ་རོབ་གྲོས་ཚོགས་སུ་ཡོང་ནས་བོད་ཀྱི་འཕེལ་རྒྱས་དང་ད་ཡོད་གནས་ཚུལ་སྐོར་ལ་གྲོས་མི་དང་བགྲོ་གླེང་བྱས་པ་རེད། ཡོ་རོབ་གྲོས་ཚོགས་ཀྱི་ཡོ་རོབ་དང་ཀྲུང་གོའི་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ནེ་ཅེ·ཏེ་ཝ་ཡིས། འདི་ལོའི་ཟླ་8པར་ཁོང་བོད་དུ་འཚམས་འདྲིར་ཕེབས་ཏེ། བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་མྱུར་པོ་དང་། ལྷ་སའི་ཁྲོམ་གཞུང་གི་ཆོས་དད་ཀྱི་རྣམ་པ་ཟབ་མོ། བོད་ལྗོངས་སློབ་ཆེན་གྱིས་བོད་ཀྱི་གནའ་གཞུང་དཔྱད་ཡིག་ཆ་ཚང་པོ་ཉར་ཚགས་བྱས་ཡོད་པ་སོགས་ལས་ཁོང་ལ་བག་ཆགས་གཏིང་ཟབ་པོ་བཞག་བྱུང་ཞེས་བཤད།
         ཏེ་ཝ་ཡིས། བོད་ལ་བསྐྱོད་པ་ལས་ཁོང་གིས་རིག་གནས་དང་། མཛེས་སྡུག དེང་རབས་ཅན་བཅས་ཀྱི་བོད་ལྗོངས་ཞིག་མཐོང་བྱུང་ལ། བོད་ཀྱི་མི་དམངས་རྣམས་རང་དབང་དང་དབང་ཆ་ལོངས་སུ་སྤྱོད་བཞིན་ཡོད་པ་མ་ཟད། འཚོ་བའི་ཆུ་ཚད་ལེགས་སུ་ཤུགས་ཆེན་ཕྱིན་པ་ཡང་ཤེས་རྟོགས་བྱུང་བ་དེ་ལས་བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་གསལ་བཤད་བྱེད་ཐུབ་ཅེས་བཤད།
         ཏེ་ཝ་ཡིས་ད་དུང་། བོད་དེ་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་རེད། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་དཔོན་སུར་ཚེས་དེ་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཐུག་འཕྲད་བྱས་པ་དེ་ཁུངས་མེད་ལུང་མེད་དང་སྙིང་པོ་ཅི་ཡང་མེད་པ་ཞིག་ཡིན་པས། ཁ་ཡ་གཏན་ནས་མ་བྱས་ན་ཆོག་ཅེས་བཤད་པ་རེད།
         ཚེས་18ཉིན་གྱི་དགོང་མོ། སྤེལ་རེས་ཚོགས་པས་ད་དུང་པུ་རུ་སེར་མཚོ་བོད་ས་མཐོའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་པ་མཚོན་པའི་ཀྲུང་གོའི་དངོས་གཞིའི་པར་གཞི་དང་པོ་《འཛམ་གླིང་ཡང་རྩེ་》སྟོན་པ་དང་འབྲེལ། ལྟད་མོ་བ་དང་སྤེལ་རེས་ཀྱང་བྱས་པ་རེད།
         པུ་རུ་སེར་དུ་སློབ་གསོའི་ལས་ཀ་ཡུན་རིང་བྱེད་མྱོང་བའི་སྨི་ཤེར་གྱིས། དངོས་གཞིའི་པར་གཞི་དེ་ལས་ཁོང་གིས་བརྗིད་ཆགས་ཡིད་དུ་འོང་བའི་བོད་ལྗོངས་མཐོང་བྱུང་བས། ཁོང་གིས་ཤེས་རྟོགས་བྱུང་བའི་གནས་ཚུལ་སློབ་མ་ཚོར་བཤད་ནས་ཁོང་ཚོས་ཀྱང་དེའི་ཁྲོད་ནས་བོད་ལྗོངས་ཤེས་རྟོགས་དང་རྒྱུས་མངའ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཤོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།