འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མིའི་རིགས་ཀྱི་ལོ་རྒྱུས་ནང་གི་རླབས་ཆེའི་ལོ་རྒྱུས་སྙན་ངག

    —— འཛམ་གླིང་སྐྱེ་བོའི་མིག་ནང་གི་དམར་དམག་རྒྱང་སྐྱོད་དང་དེའི་སྙིང་སྟོབས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ན་གཞོན་ཁྲི་སྟོང་མང་པོའི་ཉམས་སད་ཐེག་ལ་འགྱུར་བ་མེད་པའི་གསར་བརྗེའི་སྤྲོ་སྣང་ནི་མེ་ལྕེ་བཞིན་རབ་ཏུ་འཕེལ་བས་བྱ་བ་མང་དག་ཅིག་དེང་གི་ལོ་རྒྱུས་ནང་འགྲན་ཟླ་བྲལ་བའི་ཤུལ་ལམ་རིང་པོར་བསྐྱོད་པའི་ལོ་རྒྱུས་ནང་ལེགས་པར་མངོན་བཞིན་ཡོད”ཅེས་ཨ་རིའི་གྲགས་ཅན་གསར་འགོད་པ་ཨེ་ཏེ་ཅ·སི་ནོའི་《སྐར་དམར་གྱི་གཟི་མདངས་ཀྲུང་གོར་འཕྲོ་》ཞེས་པའི་དེབ་ནང་དམར་དམག་རྒྱང་སྐྱོད་སྐོར་དེ་ལྟར་བྲིས་ཡོད།
         ལོ་བརྒྱད་ཅུའི་གོང་འཛམ་གླིང་ན་བྱུང་མྱོང་མེད་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་མིའི་རིགས་ཀྱི་ལོ་རྒྱུས་ནང་རླབས་ཆེ་བའི་ངོ་མཚར་ཞིག་བཏོད་དེ་འཛམ་གླིང་གི་སྐྱེ་བོ་ཀུན་ཧང་སངས་པར་གྱུར།
         “དེ་ནི་དུས་རབས་འདིའི་དམག་དོན་ལོ་རྒྱུས་སྙན་ངག་རླབས་ཆེན་ཞིག་ཡིན་ལ། དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་མངོན་པའི་ཧ་ལས་དགོས་པའི་མཛད་རྗེས་ཤིག་ཀྱང་ཡིན”ཞེས་དམར་དམག་གི་དམག་འཐབ་བྱས་རྗེས་ལ་བལྟས་རྗེས་དམག་ཆེན་གཉིས་པའི་སྐབས་དམག་དཔོན་བྱེད་མྱོང་བའི་དབྱིན་ཇིའི་དམག་དཔོན་ཆེ་མོ་མོང་ཀོ་མཱ་ལིས་སེམས་གཏིང་ནས་བསྔགས་བརྗོད་དེ་ལྟར་བྱས།
          དཔུང་སྡེ་འདི་འདྲ་ཞིག་ཡོད་པས་དགྲ་བོའི་སྙིང་རྩ་འདར་བ་དང་འཛམ་གླིང་ལ་གཡོ་འགུལ་བཏང་ཡོད། རི་པིན་གྱི་དེ་སྔའི་ཧེང་པིན་རྒྱལ་བཙུགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀང་པིན་ལུང་སན་གྱིས་འཛམ་གླིང་ལ་སྐད་གྲགས་ཆོད་པའི་དམར་དམག་རྒྱང་སྐྱོད་ནི་ཆ་རྐྱེན་ཤིན་ཏུ་ཞན་པའི་འོག་བྱུང་བ་ཞིག་ཡིན་པས། དེ་ལྟ་བུའི་རྒྱལ་ཁ་ནི་དུས་རབས་ཉི་ཤུ་པའི་ངོ་མཚར་ཆེན་པོ་ཞིག་རེད་ཅེས་མྱོང་ཚོར་ཟབ་མོས་བཤད།
         དབྱིན་ཇིའི་གྲགས་ཅན་མཁས་པ་མཱ་ཏིང·ཡ་ཁེས“དམར་དམག་རྒྱང་སྐྱོད་ནི་ཀྲུང་གོ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་ལོ་རྒྱུས་སྙན་ངག་ལྟ་བུའི་དོན་སྙིང་ཆེན་པོ་ལྡན་ཡོད”“དམར་དམག་རྒྱང་སྐྱོད་ནི་ཀྲུང་གོའི་ལོ་རྒྱུས་ནང་གི་རླབས་ཆེ་བའི་དོན་རྐྱེན་གལ་ཆེན་གྲས་ཤིག་ཡིན་པས་ནམ་ཡང་དྲན་གསོ་བྱེད་ངེས་རེད”ཅེས་བཤད་པ་དང་། ཁོང་གིས་མི་གྲངས་ལས་འདས་པས་དམར་དམག་རྒྱང་སྐྱོད་སྐོར་ཐོས་མྱོང་ཡོད་པས་མི་རྣམས་ཀྱིས་དེའི་ལོ་རྒྱུས་ཉན་ནས་ཀྲུང་གོ་ཤེས་རྟོགས་བྱེད་ཀྱི་ཡོད་ཅེས་བཤད།
         དབྱི་ཐ་ལིའི་གུང་ཁྲན་ཏང་གི་འགོ་ཁྲིད་པ་པཱ་གཡོད་ཐས་ཀྲུང་གོའི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་དབྱི་ཐ་ལིའི་གུང་ཁྲན་ཏང་མིས་དབྱི་ཐ་ལིའི་མི་དམངས་ཀྱི་འགོ་ཁྲིད་ནས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུར་ལྕག་སྐུལ་ཐེབས་ཡོད། རླབས་ཆེ་བའི་རྒྱལ་ཁ་དེས་ཁོང་ཚོའི་འགོག་རྒོལ་གྱི་འཐབ་སེམས་ཀྱང་བརྟན་དུ་ཕྱིན་ཡོད་ཅེས་བརྗོད་མྱོང་ཡོད།
         ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་ཡུ་ཀོ་སི་ལ་ཝི་ཡའི་ངེས་མེད་རྒོལ་རྡུང་རུ་ཁག་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་སྐོར་གྱི་དེབ་ཆུང་པར་འགྲེམས་ཐེངས་གཉིས་བྱེད་མྱོང་བ་དང་། ཁོང་ཚོས་དེབ་ཆུང་དེར་བརྟེན་ནས་འཐབ་འཛིང་པའི་དད་སེམས་བརྟན་དུ་གཏོང་བ་དང་འཐབ་སེམས་ལ་སྐུལ་མ་ཐེབས་པའི་རེ་བ་བྱས་ཡོད།
         ཁུ་པའི་གསར་བརྗེའི་འགོ་ཁྲིད་ཧྥེ་ཏེའར·ཁཱ་སི་ཐེ་ལོས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་ཁུ་པའི་གསར་བརྗེའི་འཐབ་སེམས་ལ་སྐུལ་མ་ཐེབས་པ་དང་སྦྲགས་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་རྒྱུར་རྩ་ཆེ་བའི་ཉམས་མྱོང་དང་དཔེ་ལྟ་ས་བྱུང་ཡོད་ཅེས་བཤད་མྱོང་།
         “དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁར་དེ་དུས་མི་སེར་སྤེལ་བའི་རིང་ལུགས་དང་འཐབ་རྩོད་བྱེད་མཁན་རྒྱལ་ཁབ་མང་པོའི་མི་དམངས་ཀྱི་གུས་སེམས་ཐོབ་པ་སྨོས་མེད་ཡིན། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་1945ལོའི་རྗེས་རང་བཙན་རྒྱལ་ཁབ་བརྩོན་ལེན་བྱེད་མཁན་རྒྱལ་ཁབ་གཞན་དག་ལ་བློ་སྒོ་ཕྱེ་བ་ལྟ་བུ་ཞིག་བྱུང་ཡོད། དཔེར་བཞག་ན། ཝེ་ཐེ་ནམ་གྱིས་རང་བཙན་དམག་འཁྲུག་རྒྱག་སྐབས་ཀྲུང་གོའི་དམར་དམག་རྒྱང་སྐྱོད་སྐབས་ཀྱི་ངེས་མེད་རྒོལ་རྡུང་དམག་གི་དམག་ཇུས་མང་པོ་བླངས་ཡོད”ཅེས་ཨ་རིའི་དབྱི་ལི་ནོ་དབྱི་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སི་ཐུའུའར་ཐེ་ཚོང་དོན་སློབ་གླིང་གི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཧ་དབྱི་ལི·ཐུའུ་འར་ཁེས་དེ་ལྟར་བཤད།
         ལོ་བརྒྱད་ཅུའི་རིང་། དམར་དམག་རྒྱང་སྐྱོད་ཀྱི་ངོ་མཚར་གྱིས་རྒྱལ་སྤྱིའི་མི་སྣ་མང་པོའི་ཡིད་དབང་འཕྲོག་ནས་ཀྲུང་གོར་ཞིབ་དཔྱད་དང་ཁུངས་འཚོལ་ར་སྤྲོད་བྱེད་པར་འོང་གི་ཡོད། བགྲང་བྱ་མང་པོ་འདས་ནའང་ཁོང་ཚོས་ས་ཆ་དངོས་ལ་སྐྱོད་སྐབས་དེ་གའི་རྒྱང་སྐྱོད་སྐབས་ཀྱི་དམག་འཐབ་ཀྱི་ཚོར་སྣང་དྲག་པོ་བྱུང་ནས་དམར་དམག་གི་ཞུམ་པ་མེད་པའི་དཔའ་སྟོབས་ལ་སེམས་གཏིང་ནས་གུས་སེམས་འཆང་གི་ཡོད།
         རྒྱང་སྐྱོད་ལམ་དུ་བཞུད་མྱོང་བའི་གསར་འགོད་པ་གྲགས་ཅན་དང་རྩོམ་པ་པོ་གཅིག་ལྕོགས་ཡིན་པའི་ཨ་རི་བ་ཧ་ལ་སན·སུའོ་འར་ཚི་པོ་ལིས“དམར་དམག་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བལྟས་པ་བརྒྱུད་མི་རྣམས་ལ་འགྲོ་བ་མིའི་སྙིང་སྟོབས་འཕེལ་ཙ་ན་དེའི་སྟོབས་ཤུགས་ནི་རྫོགས་མཐའ་མེད་པ་ཞིག་ཡིན་པའི་ངེས་ཤེས་འདྲེན་གྱི་འདུག”ཅེས་བཤད།
         ལོ་བརྒྱད་ཅུའི་གོང་གི་ཀྲུང་གོ་ཤིན་ཏུ་དབུལ་ཞིང་ཕོངས་པ་ལོ་རྒྱུས་སུ་འགྱུར་ཟིན་ཡོད། ད་ཆ་ཀྲུང་གོ་འདི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པར་གྱུར་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་མ་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་གསར་པའི་ལམ་བུར་བཞུད་དེ། རྒྱང་སྐྱོད་སྙིང་སྟོབས་ཀྱིས་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པའི་ནུས་པ་མུ་མཐུད་བཏོན་དང་འདོན་བཞིན་ཡོད།
         “ཀྲུང་གོའི་རྒྱང་སྐྱོད་གསར་པར་ཡང་རྒྱང་སྐྱོད་ཐེངས་དང་པོའི་སྐབས་ཀྱི་རྩ་དོན་བཞིན་རྒྱལ་གཅེས་རིང་ལུགས་དང་། འགོ་ཁྲིད་ནུས་ལྡན། དཔའ་ངར་ཆེ་བ། སྤོབས་པ། དཔའ་མི་ཞུམ་པ། བློས་གཏོང་སྙིང་སྟོབས། མཉམ་ལས་སྙིང་སྟོབས་སོགས་དགོས་པ་ཡིན”ཞེས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་དེང་སྐབས་ལ་དོན་སྙིང་ཇི་ལྟར་ལྡན་པའི་སྐོར་ཐུའུ་འར་ཁེས་དེ་ལྟར་བཤད།
         མཱ་ཏིང·ཡ་ཁེས“རྒྱང་སྐྱོད་ནི་ནམ་ཡང་ཀྲུང་གོའི་ལོ་རྒྱུས་ཁྲོད་ཀྱི་བྱ་བ་རླབས་ཆེན་གྲས་ཤིག་ཡིན་པས་དཔའ་སྟོབས་དང་བློས་གཏོང་སྙིང་སྟོབས་མཚོན་ཡོད། མི་རྣམས་ཀྱིས་ལེགས་སྐྱེས་འབུལ་བ་དང་བློ་རྩ་བརྟན་པོ་བྱ་རྒྱུ་འབོད་སྐུལ་བྱེད་སྐབས་རྒྱང་སྐྱོད་སྙིང་སྟོབས་ཀྱིས་ནམ་ཡང་ལྕག་སྐུལ་གཏོང་བཞིན་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།