འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་གཞི་དང་བྱ་སྤྱོད་ཐོག་ནས་འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་
    ལེགས་སྐྱེས་ཕུལ་བར་བལྟ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་15དང་ཚེས་16ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བརྒྱད་པ་རྒྱ་གར་གོ་ཨ་རུ་འཚོགས་པ་རེད། 2006ལོ་ནས་ཕྱི་འབྲེལ་དཔོན་གྱི་མཇལ་འཛོམས་ཐེངས་དང་པོ་གནང་ཚུན་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་ལས་བྱས་ནས་ལོ་བཅུ་སོང་ཞིང་། ལོ་བཅུའི་རིང་འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་སྤེལ་གཏོང་བ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།
         2008ལོའི་ཟླ་དགུ་པར་དངུལ་རྩའི་ཉམས་ཉེན་བྱུང་འགོ་ཚུགས་རྗེས་འབོ་གསེར་རྒྱལ་ཁབ་བཞི་སྟེ། ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར། པར་ཙིར་བཅས་ཀྱིས་དང་ཐོག་དཔལ་འབྱོར་སླར་གསོ་དང་འཕར་ཐབས་བྱས་ཤིང་། རྒྱལ་ཁབ་བཞི་པོ་དེ་དག་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ཡོང་བ་བྱེད་པའི“སྙིང་འཕར་སྐུལ་ཆས”ལྟ་བུར་གྱུར་ཡོད། 2009ལོར་འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གིས་འཛམ་གླིང་སྤྱི་འབོར་གྱི་14.6%བཟུང་བ་དང་། ཉོ་ཚོང་བསྡོམས་འབོར་གྱིས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་བསྡོམས་འབོར་ནང་12.8%བཟུང་བ། ཉོ་ཤུགས་གཞིར་བཟུང་གཞུང་བཅད་རིན་གོང་ལྟར་རྩིས་བརྒྱབ་ན་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ནང་ལེགས་སྐྱེས་ཕུལ་ཚད་50%ལས་བརྒལ་ཡོད་པ་རེད།
         2010ལོའི་ཟླ་བཅུ་གཉིས་པར་ལྷོ་ཨ་ཧྥེ་རི་ཁ་ཞུགས་རྗེས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཁྱབ་ཁོངས་དེ་ཡོ་རོབ་དང་། ཨེ་ཤེ་ཡ། ལ་ཏིང་མེ་གླིང་བཅས་ནས་ཨ་ཧྥེ་རི་ཁ་བར་ཆེ་རུ་སོང་ཡོད། 2010ལོར“འབོ་གསེར་རྒྱལ་ཁབ་ལྔ”ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གིས་འཛམ་གླིང་སྤྱི་འབོར་གྱི་18%བཟུང་བ་དང་ཉོ་ཚོང་བསྡོམས་འབོར་15%བཟུང་ཡོད་པ་རེད།
         2013ལོར་འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གིས་འཛམ་གླིང་ཡོངས་ཀྱི་སྤྱི་འབོར་གྱི་21.3%བཟུང་ཞིང་། ཉོ་ཤུགས་གཞིར་བཟུང་གཞུང་བཅད་རིན་གོང་ལྟར་རྩིས་བརྒྱབ་ན“འབོ་གསེར་རྒྱལ་ཁབ་ལྔ”ཡི་2013ལོའི་དཔལ་འབྱོར་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་30.1ཟིན་པ་དེ་དཔལ་འབྱོར་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་33.2ཡིན་པའི་རྒྱལ་ཁབ་བདུན་གྱི་ཚོགས་པ་དང་ཉེ་པོ་ཡོད་པ་རེད།
         ཕྱི་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཚུད་པའི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཆབས་ཅིག་དེ་དག་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འབོ་གསེར་རྒྱལ་ཁབ་དབར་མཉམ་ལས་དམ་ཟབ་བྱུང་ནས་གསོན་ཤུགས་ཇེ་ཆེར་དང་མདུན་ལམ་རྒྱ་ཆེར་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
         འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ལེགས་སྐྱེས་ཕུལ་བ་གཤམ་གསལ་ཕྱོགས་གསུམ་ནས་མཚོན་པ་སྟེ།
         ཡིད་ཆེས་ཀྱི་བསམ་པ་ཆེ་རུ་བཏང་བ། འཛམ་གླིང་གི་དཔལ་འབྱོར་དེ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་འདམ་རྫབ་ནང་དིམ་པའི་གནས་ཚུལ་འོག་འབོ་གསེར་ལ་ཁབ་ཀྱིས་རང་ཉིད་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་བརྟེན་ནས་འཛམ་གླིང་དཔལ་འབྱོར་ཚང་མ་ཉམས་རྒུད་སོང་བ་ཞིག་མིན་པ་ར་སྤྲོད་བྱས་ཤིང་། དེ་ཐོག་ནས་རྒྱལ་སྤྱིའི་ཁྲོམ་ར་དང་སྤྱི་དམངས་ལ་ཡིད་ཆེས་བསམ་པ་བརྒྱུད་བསྒྲགས་ཀྱིས་དུས་བབ་སྔར་བས་སྡུག་ཏུ་འགྲོ་རྒྱུ་སྔོན་འགོག་བྱས་པ་དང་གཅིག
         མཉམ་ལས་ལ་སྐུལ་འདེད་བཏང་བ། འབོ་གསེར་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུར་གཞོལ་ཞིང་། དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་འབོ་གསེར་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཁག་དང་མཐུན་སྦྱོར་གྱིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཐུན་མོང་ཐོག་འཛམ་གླིང་ཡོངས་ཀྱི་ཁྲོམ་ར་སྐྱོབ་པའི་བྱ་སྤྱོད་སྤེལ་ཡོད། རང་ངོས་འཕེལ་རྒྱས་འགྲོ་བར་མ་དངུལ་གྱི་རྒྱབ་སྐྱོར་དགོས་པའི་གནས་ཚུལ་འོག་བསྟུད་མར་རེས་སྐོར་གཉིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩར་ཨ་སྒོར་དུང་ཕྱུར་1800འཕར་སྣོན་བརྒྱབ་པ་དག་དངུལ་རྩའི་ཉམས་ཉེན་གྱི་འདམ་རྫབ་ནང་དིམ་པའི་རྒྱལ་ཁབ་དག་དཀའ་ངལ་ལས་སྒྲོལ་རོགས་བྱེད་པའི་ཐད་སྤྱད་ཡོད། ཉམས་ཉེན་རིམ་བཞིན་ཆུང་དུ་སོང་རྗེས་རྒྱལ་ཁབ་ཁག་གི་སྤྱི་ཁོག་དཔལ་འབྱོར་ཐད་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆུང་དུ་མི་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་བརྟན་པོ་ཡོང་བའི་འདུན་པ་མར་མི་ཆག་པའི་འདོད་ཚུལ་སྔར་བཞིན་བཟུང་བ་དང་གཉིས།
      

    ཕྱོགས་བསྡུས་གསར་འགྱུར།