འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དམར་དམག་རྒྱང་སྐྱོད་དཀའ་བ་དུ་མ་སྤྱད། བོད་རིགས་མི་དམངས་མཐུན་རྐྱེན་སྐྲུན་པར་འབད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དམར་དམག་རྒྱང་སྐྱོད་བྱེད་སྐབས། ཡུན་ནན་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་བོད་རིགས་ས་ཁུལ་བརྒྱུད་ནས་བསྐྱོད་ཅིང་། བོད་རིགས་མང་ཚོགས་ཚོས་དམར་དམག་ལ་ཞུགས་པ་དང་། འབྲུ་རིགས་གྲབས་གསོག་དང་དངོས་ཟོག་དབོར་འདྲེན། སྐད་སྒྱུར་དང་སྣེ་ཤན་པ་སོགས་བྱེད་ཐབས་མི་འདྲ་བར་བརྟེན་ནས་རྒྱང་སྐྱོད་ལ་རྒྱབ་སྐྱོར་བྱས་ཏེ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
         ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཤེས་རབ་ཉི་མས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཡུན་རིང་ཞིབ་འཇུག་གནང་ཞིང་། ཁོང་གིས་བོད་རིགས་མང་ཚོགས་ཚོས་རྒྱང་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་གཙོ་བོ་ཕྱོགས་གསུམ་ནས་མངོན་གྱི་ཡོད་ཅེས་གསུངས་པ་སྟེ།
         གཅིག་ནས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་དང་སྐྱེལ་འདྲེན་བྱེད་པ་དང་། རྨས་མ་སྐྱོབ་པ། དམར་དམག་ལ་སྣེ་ལེན་བཅས་བྱས་ཤིང་། དམར་དམག་བོད་རིགས་ས་ཁུལ་བརྒྱུད་ནས་སྐྱོད་སྐབས། རང་བྱུང་ཆ་རྐྱེན་ཞན་པ་དང་འབྲུ་རིགས་དང་དངོས་ཟོག་མི་འདང་བ་སོགས་ཀྱི་དཀའ་ངལ་འཕྲད་སྐབས། བོད་རིགས་མང་ཚོགས་ཚོས་འབྲུ་རིགས་དང་བསྐྱལ་ནས་རྒྱབ་སྐྱོར་བྱས་ཡོད། ཀན་སུའུ་བོད་རིགས་ཀྱི་ཡུལ་དཔོན་དབྱང་ཅི་ཆིང་གིས་དམར་དམག་ལ་འབྲུ་རིགས་གྲབས་གསོག་དང་དམར་དམག་བོད་རིགས་ས་ཁུལ་ནས་སྐྱོད་སྐབས་རྒྱབ་སྐྱོར་བྱས་པའི་གཏམ་རྒྱུད་ད་བར་གླེང་བའི་མཚར་གཏམ་དུ་གྱུར་ཡོད།
         ཡང་དཔེར་ན། དཀར་མཛེས་ཀྲོའུ་བྲག་མགོ་རྫོང་གི་ཡེ་ཤེས་རྡོ་རྗེས་རང་ཁྱིམ་གྱི་འབྲུ་རིགས་རྒྱ་མ་ཁྲི་ཁ་ཤས་དང་སྒོ་ཕྱུགས་བཅུ་གྲངས་ཁ་ཤས་དམར་དམག་ལ་སྤྲད་ནས་རྒྱབ་སྐྱོར་བྱས་པ་དང་། 《དཀར་མཛེས་ཀྲོའུ་ཡི་ལོ་རྒྱུས་དཔྱད་གཞིའི་(དེབ་ཉེར་གཉིས་པ་)》ནང་ཇོ་རི་དགོན་གྱི་བླ་མ་བཀྲ་རིག་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དམར་དམག་ལ་དགའ་བསུ་ཞུས་པ་དང་དགོན་པའི་ལུག་དང་། ཇ། ཚྭ། ཉལ་གདན། སྦྲ་གུར། འབྲུ་རིགས་སོགས་ཕལ་ཆེ་བ་དམར་དམག་ལ་བགོས་ཡོད།
         བོད་རིགས་མི་དམངས་ཚོས་ཉེན་ཁ་དང་ངལ་དུབ་ལ་མ་སྐྲག་པར་འབྲུ་རིགས་དང་དངོས་ཟོག་འཐབ་ས་མདུན་མ་དང་དམར་དམག་སྡོད་སར་དབོར་བའི་ཐོག་དམར་དམག་རྨས་མ་བཀོད་སྒྲིག་དང་། སྲུང་སྐྱོང་། ལྟ་སྐྱོང་བཅས་གང་ཡག་བྱས་ཤིང་། རྟའུ་རྫོང་གི་བོད་རིགས་མང་ཚོགས་དགེ་ཆོས་དྲི་མེད་ཀྱིས་གོ་མིན་ཏང་གི་དམག་མིས་འཇིགས་སྣང་བསྐུལ་བར་མ་སྐྲག་པར་དམར་དམག་བུད་མེད་བཅུ་སྲུང་སྐྱོབ་བྱས་པ་མ་ཟད། ཁོང་ཚོར་སྨས་བཅོས་གང་ཡག་བྱས་ཡོད།
         གཉིས་ནས་དམར་དམག་གི་སྐད་སྒྱུར་དང་སྣེ་ཤན་པ་བྱས་པ་མ་ཟད། དམག་འཐབ་བྱེད་པར་གཞོགས་འདེགས་བྱས་པ། དམར་དམག་བོད་རིགས་ས་ཁུལ་ནས་སྐྱོད་སྐབས་བོད་རིགས་སྤུན་ཟླ་ཁག་གཅིག་གིས་སྐད་སྒྱུར་དང་སྣེ་ཤན་པ་བྱས་ཏེ་དམར་དམག་ཚོས་གོ་བརྡ་མི་འཕྲོད་པ་དང་མི་རིགས་ཀྱི་འགལ་ཟླ་སོགས་ཀྱི་དཀའ་ངལ་སེལ་བར་གཞོགས་འདེགས་བྱས་ཡོད། 1935ལོའི་ཟླ་བ་བརྒྱད་པར་ཏང་ཀྲུང་དབྱང་གིས་གཡས་ལམ་དམག་དཔུང་གི་སྣེ་ཁྲིད་དེ་མུར་ཀེ་ནས་བྲལ་ཏེ་རྩྭ་ཐང་སྒྲོལ་རྩིས་བྱེད་སྐབས། ས་གནས་དེའི་དགོན་སྡེའི་དགེ་འདུན་པ་ཚོས་ལམ་སྣེ་ཁྲིད་དེ་དཔུང་སྡེ་རྩྭ་ཐང་ནས་བདེ་བླག་ངང་སྒྲོལ་རོགས་བྱས་ཡོད།
         གསུམ་ནས་བོད་རིགས་གཞོན་ནུ་འཚང་ཁ་ཤིག་ཤིག་ངང་དམར་དམག་ལ་ཞུགས་པ། 1936ལོའི་ཟླ་བ་དྲུག་པར་དམར་དམག་དཔུང་སྡེ་གཉིས་པ་དང་དྲུག་པ་རྒྱལ་ཁའི་ངང་ཁམས་པའི་བྱང་རྒྱུད་ཀྱི་ལྟེ་བའི་གྲོང་རྡལ་དཀར་མཛེས་གྲོང་དུ་དམག་དཔུང་མཉམ་འཛོམས་བྱས་ཤིང་། དེའི་རིང་བོད་རིགས་མི་དམངས་ལ་རོགས་རམ་བྱས་ཏེ་གསར་བརྗེའི་སྲིད་དབང་སྟེ་ཀྲུང་ཧྭ་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་བཙུགས། བོད་པ་སྲིད་གཞུང་བཙུགས་རྗེས། དམར་དམག་གིས་བོད་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་བོད་རིགས་ན་གཞོན་ལས་བྱེད་པ་དང་ཧུར་བརྩོན་ཅན་100ལྷག་ཙམ་ལ་གསོ་སྦྱོང་བྱས། ས་གནས་དེར་ད་དུང་བོད་རིགས་ན་གཞོན་70ལྷག་ཙམ་ལས་གྲུབ་པའི་རྟ་དམག་རུ་ཆེན་ཞིག་བཙུགས་པ་རེད།
         དམར་དམག་ལ་འབྲེལ་གཏུག་དང་ཤེས་རྟོགས་བྱས་པ་བརྒྱུད། བོད་རིགས་གཞོན་ནུ་ཁ་ཤས་འཚང་ཁ་ཤིག་ཤིག་ངང་དམར་དམག་ལ་ཞུགས་ཤིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དམར་དམག་ལ་ཞུགས་པའི་མི་གྲངས་སྟོང་ལྷག་ཙམ་ཡོད།
         ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལང་ཝུའེ་ཝུའེ་ཡིས་དམར་དམག་བོད་རིགས་ས་ཁུལ་དུ་སྡོད་ཡུན་རིང་བ་དང་། བཅའ་སྡོད་ས་ཁུལ་རྒྱ་ཆེ་བ། བྱེད་སྒོའི་ནང་དོན་མང་བ། ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་རྙོག་འཛིང་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱས་པ་སོགས་བོད་རིགས་ས་ཁུལ་ནས་བདེ་བླག་ངང་བསྐྱོད་པ་དེ་ནི་སྒྲིག་ཁྲིམས་ནན་པོར་བརྟེན་ནས་བྱུང་བ་ཞིག་རེད་ཅེས་བཤད།
         གཞན་ཡང་དམར་དམག་གིས་མི་རིགས་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་བརྩོན་ལེན་དང་ཁོང་ཚོར་མཐུན་སྒྲིལ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཤིང་། བོད་རིགས་ས་ཁུལ་དུ་སྡོད་རིང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་ཏེ་དཔུང་སྡེ་དགོན་པར་འཛུལ་མི་ཆོག་པ་དང་སྐུ་་་འདྲར་གཏོར་བཤིག་གཏོང་མི་ཆོག་པའི་བླང་བྱ་བཏོན་ཏེ། བོད་རིགས་མི་དམངས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ཡོད།
         ཤེས་རབ་ཉི་མས་སྐབས་དེ་དུས་རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་པ་དང་བོད་རིགས་མང་ཚོགས་ཚོས་དམར་དམག་ལ་དོགས་པ་བྱེད་པའི་གནས་ཚུལ་འོག དམར་དམག་གིས་བོད་རིགས་ས་ཁུལ་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤྱི་ཚོགས་གྲལ་རིམ་གྱི་འགལ་ཟླ་དང་མི་རིགས་ཀྱི་འགལ་ཟླ་ཐག་གཅོད་བྱས་པ་དེ་ནི། རང་རེའི་ཏང་གི་ལོ་རྒྱུས་ཐོག་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱུང་བའི་རླབས་ཆེན་གྱི་ལག་ལེན་ཞིག་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།