འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མ་རྒྱལ་ཁབ་ཀྱི་གྲུ་གཟིངས་ཆུར་ནུབ་པའི་ཆག་སྒོའི་ཁྲོད་དུ་ཤི་བའི་མི་གྲངས་39ལ་འཕར་
    བ་དང་སྔར་བཞིན་མི་80གར་སོང་ཆ་མེད་དུ་གྱུར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་འབར་མ་རྒྱལ་ཁབ་ཀྱི་མེ་སྐྱོན་འགོག་གསོད་ཅུས་ཀྱིས་བརྡ་ཁྱབ་བཏང་ནས་ཉེ་སྔོན་ཧྲི་ཅེ་ཞིང་ཆེན་ཆིན་ཏོན་གཙང་པོར་བྱུང་བའི་གྲུ་གཟིངས་ནུབ་པའི་ཆག་སྒོའི་ཁྲོད་ཤི་བའི་མི་གྲངས་ནི་39ཡིན་པ་དང་མི་80སྔར་བཞིན་གར་སོང་ཆ་མེད་དུ་གྱུར་ཡོད་པ། གཞན་མི་157བསྐྱབས་ཡོད་པ་བཅས་དངོས་སུ་ཁས་ལེན་བྱས་ཡོད་ཅེས་བརྗོད་པ་རེད།
         གྲུ་གཟིངས་འདི་ནི་ཚེས་15ཉིན་ཧྲི་ཅེ་ཞིང་ཆེན་བྱང་རྒྱུད་ཀྱི་ཧོ་མ་ལིན་ནས་ཆིན་ཏོན་གཙང་པོ་བརྒྱུད་ནས་ལྷོ་ཕྱོགས་ཀྱི་ཧྲི་ཅེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མེང་ཡུས་ཝར་སྐྱོད་པ་ཡིན་ཞིང་། མེང་ཡུས་ཝ་དང་བར་ཐག་མི་རིང་བའི་ཅ་ཉི་གྲོང་རྡལ་གྱི་ཉེ་འགྲམ་དུ་མགོ་རྟིང་ལོག་པ་རེད། འབར་མ་རྒྱལ་ཁབ་ཀྱི་མེ་སྐྱོན་འགོག་གསོད་ཅུས་ཀྱིས་བརྡ་ཁྱབ་བཏང་ནས་གྲུ་གཟིངས་དེ་ཅ་ཉི་གྲོང་རྡལ་ཉེ་འགྲམ་གྱི་ཆུ་ཁོངས་སུ་བྲག་རྡོ་ཞིག་ལ་གདོང་ཐུག་བརྒྱབ་ནས་མགོ་རྟིང་ལོག་པ་རེད་ཅེས་བཤད་པ་རེད། 
         འཚོལ་ཞིབ་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག་མྱུར་སྐྱོབ་རུ་ཁག་གིས་རྐྱེན་ལམ་དུ་ཤོར་བའི་བེམ་པོ་རྒྱུན་མ་ཆད་པར་རྙེད་པ་རེད། མེ་སྐྱོན་འགོག་གསོད་ཅུས་ཀྱིས་བརྡ་ཁྱབ་བཏང་ནས་རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་ནི་སློབ་གྲྭའི་དགེ་རྒན་ཡིན་པ་དང་མང་ཆེ་བ་བུད་མེད་རེད་ཅེས་བརྗོད་པ་རེད།
         ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་དང་ཐོག་གྲུ་གཟིངས་ཐོག་ཁྱོན་བསྡོམས་ཧ་ལམ་འགྲུལ་བ་180ཡོད་ཅེས་བཤད་མོད། འོན་ཀྱང་སྲོག་སྐྱོབ་ཐུབ་པའི་འགྲུལ་བ་ཁ་ཤས་ཀྱིས་གྲུ་གཟིངས་མདུན་དུ་སྐྱོད་པའི་ལམ་བརྒྱུད་དུ་ད་དུང་འགྲུལ་བ་གྲུ་ཐོག་ཏུ་འཛེགས་མཁན་བྱུང་བས་གྲུ་གཟིངས་མགོ་རྟིང་ལོག་སྐབས་སུ་གྲུ་ཐོག་ཧ་ལམ་མི་300ལྷག་ཡོད་ཅེས་བཤད་པ་རེད། ཧྲི་ཅེ་ཞིང་ཆེན་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་ཝུའུ་ཐོན་ཐོན་ཝུན་གྱིས་གྲུ་གཟིངས་དེར་ཆག་སྒོ་འབྱུང་བའི་རྒྱུ་རྐྱེན་ནི་གྲུ་ཐོག་བསྡད་པའི་མི་གྲངས་ཤོང་ཚད་ལས་བརྒལ་བའི་རྐྱེན་གྱིས་རེད་ཅེས་བཤད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། འདས་པའི་ལོ་གཉིས་ཀྱི་རིང་ལ་ཐེངས་འདིའི་ཆག་སྒོ་དང་འདྲ་བའི་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཐེངས་3བྱུང་མྱོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།