འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་
    བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཉེར་བྱེད་སྒོ་དངོས་སུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་
བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཉེར་བྱེད་སྒོ་དངོས་སུ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། གནད་འཁེལ་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་སྨར་ཁོག་ཞང་ཏང་ཨུ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་༼གནམ་རྟགས་ཅན་༽གྱི་ལས་གཞི་འདི་ཉིད་གཙོར་འཛིན་དང་ལག་ལེན་དོན་འཁྱོལ་གྱིས་༼སྡེ་རེ་ཟོང་རྟགས་རེ་དང་སྡེ་རེ་ཁྱད་ཆོས་རེ་ ༽ཞེས་པ་བྱ་བའི་དམིགས་ཚད་དུ་བཟུང་སྟེ། ས་ཆ་གཞན་པར་རྟོག་ཞིབ་དང་ཡུལ་དངོས་འཆར་བཀོད། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་བཅས་བརྒྱུད་དེ། སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་དུང་དཀར་དབུལ་སྐྱོར་ཆེད་ལས་མཉམ་འབྲེལ་ཁང་ཞེས་པ་དངོས་སུ་བཙུགས་པ་རེད། དེས་གནད་འཁེལ་རོགས་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བར་སྐུལ་འདེད་དང་། རྩེས་སྟོད་འབྲོག་པ་མང་ཚོགས་ལ་དབུ་འཁྲིད་ཀྱིས་སྤོབས་པ་ཆེན་པོས་སྲོལ་འབྱེད་དང་ལག་ལེན་བསྟར་ཕོད་ཀྱི་སྒོ་ནས་རང་ངོས་གནས་ཚུལ་དང་འཚམ་པའམ་རྫོང་ཡོངས་ལ་མིག་ལྟོས་འཕེར་བའི་ཕྱུག་བསྒྱུར་གྱི་ལམ་བུ་གསར་བ་ཞིག་གཏོད་པ་རེད།
           རྩེས་སྟོད་སྡེ་བ་ནི་སྨར་ཁོག་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ་༡༦ལྷག་ཡོད་པའི་ལྷོ་ནུབ་ཀྱི་མཚམས་སུ་ཆགས་ཡོད་པ་དང་། ས་བབ་མི་ལེགས་ཤིང་ལུང་རོང་ས་རྒྱུད་དུ་གཏོགས་ལ།  རྫོང་ཡོངས་ཁྱབ་ཁོངས་སུ་དཀའ་ཁག་ཅན་གྱི་སྡེ་བ་༡༣ ཡོད་པ་ལས་གཅིག་ཡིན་པ་དང་། ༢༠༡༧ལོར་དབུལ་ཐར་འགན་འཁྲི་ཡོད་པའི་སྡེ་བ་ཞིག་ཀྱང་ཡིན་པས། སྔ་ས་ནས་རྩེས་སྟོད་སྡེ་བའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་མང་ཚོགས་རྣམས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ནས་བདེ་སྐྱིད་ཀྱི་འཚོ་བ་ཤིག་ལ་སྙེག་ཆེད། ཟླ་༡༠ཚེས་༡༢ཉིན། རྫོང་ཨུ་སྲིད་གཞུང་དང་རྫོང་དབུལ་སྐྱོར་ཅུའུ་ཡི་ཐུགས་འཁུར་དང་རྒྱབ་སྐྱོར་འོག  སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཉེར་བྱེད་སྒོ་དངོས་སུ་མགོ་བརྩམས་པ་རེད།༼ རྫོང་མཁར་བོད་ལུགས་ཁྱིམ་ཆས་དཔེ་མཚོན་འགྲེམས་སྟོན་ཚོམས་ཆེན༽ལས་མགོ་ཚུགས་པའི་མཛད་སྒོ་སྟེང་སྨར་ཁོག་ཞང་ཏང་ཨུའི་ཧྲུའུ་ཅིས་རྩེས་སྟོད་སྡེ་བས་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་གི་རྣམ་གྲངས་འདི་ལྟ་བུ་ཞིག་གདམས་གསེས་བྱེད་དགོས་པའི་ཐད་ལ་ངོ་སྤྲོད་མཚམས་སྦྱོར་བྱས་པ་རེད། དེ་ཡང་གཅིག་ནས་ཐོན་ལས་དང་མདུན་ལྗོངས་ཟུང་འབྲེལ་བྱེད་པ། རང་རྫོང་ནི་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་དུ་གཏོགས་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ནང་བསྟན་རིག་གནས་ཀྱི་ཁྱབ་རྒྱ་ཧ་ཅང་ཆེ་བའི་སྟབས་ཀྱིས་དགོན་པ་དང་ཁྱིམ་ཚང་གི་ཁང་བའི་མཛེས་སྤྲས་ལ་བོད་ལུགས་ཀྱི་ཁྱད་ཆོས་མངོན་དོད་བྱ་རྒྱུར་གཙོར་འཛིན་བྱེད་བཞིན་ཡོད་པས་ན། ཤིང་བརྐོས་ལག་རྩལ་སྦྱངས་ནས་བོད་ལུགས་ཁྱིམ་ཆས་ཐོན་སྐྱེད་བྱེད་པ་ལ་ཚོང་རྭ་འཕེལ་རྒྱས་ཀྱི་མདུན་ལམ་ཤིན་ཏུ་ལེགས་པོ་ཞིག་ཡོད་པར་གདའ། གཉིས་ནས་ལས་འཁོད་དང་བཟོ་བཀོད་རྒྱུན་འཛིན་ཟུང་འབྲེལ་བྱེད་པ།  ས་གནས་འབྲོག་པ་མང་ཚོགས་ཀྱི་ལས་འཁོད་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག  འབྲོག་མི་རྣམས་ལ་ཤིང་བརྐོས་ལག་རྩལ་ཁོང་དུ་ཆུད་པར་བཅུག་ནས་མི་རིགས་སྲོལ་རྒྱུན་གྱི་བཟོ་བཀོད་རྒྱུན་འཛིན་དར་སྤེལ་དང་། རང་ངོས་ཀྱི་ངལ་རྩོལ་ལག་རྩལ་ལ་བརྟེན་ནས་ཞང་གྲོང་བརྡལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་གྲུབ་ཚུལ་ལེགས་འགྱུར་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་དགོས་པ་རེད། 
          གསུམ་ནས་ཞིང་སྡེ་དང་ཁེ་ལས་ཟུང་འབྲེལ་བྱས་ཏེ་སྣ་མང་རང་བཞིན་གྱི་དོ་དམ་བྱེད་སྟངས་གྲུབ་པ། རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ནི་དུང་དཀར་དབུལ་སྐྱོར་ཆེད་ལས་མཉམ་འབྲེལ་ཁང་དང་ཟི་ལིང་ཤིང་བརྐོས་ཀུང་ཟི་གཉིས་ཐུན་མོང་མཉམ་འབྲེལ་གྱིས་ལས་གཉེར་བྱེད་བཞིན་ཡོད་ལ། ཤིང་བརྐོས་ཀུང་ཟིས་དུས་རྒྱུན་གྱི་དོ་དམ་དང་ཐོན་རྫས་ཇུས་འགོད། ལག་རྩལ་ནང་འདྲེན་གྱི་མཛུབ་འཁྲིད། ལག་རྩལ་རང་བཞིན་གྱི་མི་འཇོན་ཐང་ཅན་གསོ་སྦྱོང་བྱེད་པ། ཚོང་རྭའི་དགོས་མཁོར་རྟོག་ཞིབ་བྱེད་པ་སོགས་ཀྱི་བྱ་བར་འགན་འཁུར་ནས། རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ནུས་ལྡན་གྱི་འགན་སྲུང་མཁོ་སྤྲོད་བྱེད་དགོས། བཞི་ནས་གསོ་སྦྱོང་དང་དཀའ་ཁག་ཅན་གྱི་དུད་ཁྱིམ་ཟུང་འབྲེལ་བྱེད་པ། ཕྱོགས་ངེས་ལེགས་འདེམས་དང་གནད་འཁེལ་ཞིབ་བཤེར་བྱས་པ་བརྒྱུད། གནད་འཁེལ་རོགས་སྐྱོར་གྱི་དུད་ཁྱིམ་ཁྲོད་ནས་རིག་གནས་ཆུ་ཚད་ངེས་ཅན་ཞིག་ལྡན་པའི་ན་གཞོན་ངལ་རྩོལ་ནུས་ལྡན་མི་༤༥ལེགས་འདེམས་ཀྱིས་གསོ་སྦྱོང་ལ་ཞུགས་པ་དང་། དེའི་ཁྲོད་ནས་བོད་ལུགས་ཁྱིམ་ཆས་དང་ཤིང་བརྐོས། རྡོ་བརྐོས་ཀྱི་ལག་རྩལ་གསོ་སྦྱོང་ལ་མི་༡༥དང་། ཨར་ལས་འདམ་བཟོའི་ལག་རྩལ་གསོ་སྦྱོང་ལ་མི་༣༠བཅས་ཞུགས་ཡོད་པ་རེད།
          སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་༼རྫོང་མཁར་བོད་ལུགས་ཁྱིམ་ཆས་དཔེ་མཚོན་འགྲེམས་སྟོན་ཚོམས་ཆེན་༽བཙུགས་པ་ནི་རང་རྫོང་གི་གནད་འཁེལ་རོགས་སྐྱོར་བྱ་བའི་ཉམས་ཞིབ་གལ་ཆེན་ཤིག་ཏུ་འགྱུར་ངེས་ཡིན་ལ། རྫོང་ཡོངས་ཀྱི་ཐོན་ལས་བཅོས་བསྒྱུར་ལ་མིག་དཔེ་དབུ་འཁྲིད་ཀྱི་ནུས་པ་དང་། ༼ སྡེ་རེ་ཟོང་རྟགས་རེ། སྡེ་རེ་ཁྱད་ཆོས་རེ། སྡེ་རེ་ཐོན་ལས་རེ༽ཡི་འཐབ་ཕྱོགས་ལ་ཉམས་མྱོང་གསོག་འཇོག  དབུལ་ཐར་འགག་སྒྲོལ་གྱི་གཡུལ་འགྱེད་ལས་རྣམ་པར་རྒྱལ་བའི་རྨང་གཞི་བརྟན་པོ་འདིང་བ་དང་། མདོག་གསུམ་པད་མའི་འཛུགས་སྐྲུན་ལ་ཕུན་ཚོགས་མཛེས་སྤྲས་ཀྱི་ནུས་པ་ཐོན་ཡོད་དོ།། །། ༼པདྨ་རྫོང་ཨུའི་གཞུང་ལས་ཁང་གིས།  ཡིག་སྒྱུར་བ། རྡོ་རྗེ་རིན་ཆེན།༽
    ༄༅།།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་
བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཉེར་བྱེད་སྒོ་དངོས་སུ་འགོ་ཚུགས་པ།
    ༄༅།།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་
བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཉེར་བྱེད་སྒོ་དངོས་སུ་འགོ་ཚུགས་པ།
    ༄༅།།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཞང་རྩེས་སྟོད་སྡེ་བའི་ཤིང་བརྐོས་
བཟོ་བཀོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ལས་གཉེར་བྱེད་སྒོ་དངོས་སུ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།