འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དམར་དམག་རོང་དུ་སླེབས་དུས་གུས་སེམས་ལས་མ་འདས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔོན་གྱི་རྫི་མདའ་རོང་ད་ཆ་དམར་དམག་རོང་དུ་གྱུར།
         དེ་གར་ནམ་མཁར་ཟུག་འདྲའི་གཡང་གཟར་རི་རྩེ་དང་ཚང་ཚིང་ནགས་ཚལ་ཡོད་ལ། ལང་ལོང་དུ་རྒྱུག་པའི་ཆུ་བོ་ཡང་ཡོད།
         རོང་གི་དམར་དམག་གི་དམར་མདངས་བཀྲ་བའི་དམག་དར་གྱི་འཇིམ་བརྙན་གཉིས་འགྱིང་ངེར་གནས་ཤིང་། དེའི་ཐོག“ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ”དང“ཀྲུང་གོ་བཟོ་ཞིང་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་བཞི་པ”ཞེས་བྲིས་ཡོད་པ་མཐོང་སྐབས། སྔར་སོང་ལོ་རྒྱུས་དག་ཡིད་ལ་ལྷང་ངེར་འཆར།
         1936ལོའི་ཟླ་དྲུག་པའི་ཟླ་མཇུག་གི་དཀར་མཛེས་ཚོགས་འདུ་གྲོལ་རྗེས། དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ་དམར་དམག་རོང་ནས་ཐོན་ཏེ་སི་ཁྲོན་བྱང་རྒྱུད་ཀྱི་རྔ་པའི་ཕྱོགས་སུ་བསྐྱོད།
         པད་མ་རྫོང་དུ་དམར་དམག་གིས་ས་གནས་དེ་གའི་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་དང་། ཏང་གི་ཆབ་སྲིད་འདོད་ཚུལ། གསར་བརྗེའི་གནས་ལུགས་དྲིལ་བསྒྲགས་བྱས་ཤིང་། ས་གནས་དེ་གའི་བོད་རིགས་མང་ཚོགས་ཚོས་ཀྱང་དམར་དམག་གི་ས་ནས་གུང་ཁྲན་ཏང་དང་། གསར་བརྗེ། རྒྱལ་སྐྱོབ། མི་རིགས། བཅིངས་འགྲོལ་བཅས་ཀྱི་ཚིག་གསར་དེ་དག་ཐོག་མར་ཐོས།
         ངག་ཐོག་ནས་དྲིལ་བསྒྲགས་བྱས་པ་ཕུད། དམར་དམག་གིས་ད་དུང་བོད་རིགས་ཀྱི་འཐབ་འཛིང་པ་བརྒྱུད་(ཁྲོན་ཁམས་ས་ཁུལ་གྱི་དམར་དམག་ལ་ཞུགས་མཁན)བོད་ཡིག་དྲིལ་བསྒྲགས་དཔྱད་ཡིག་བཀྲམས་པ་དང་། དྲིལ་བསྒྲགས་རུ་ཁག་གིས་སྦྱར་ཡིག་མང་པོ་བྲིས་ཤིང་། ད་བར་ཉར་ཚགས་བྱས་པའི་གྱང་བྲིས“བྱང་སྐྱོད་ཀྱིས་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་དང་ཅང་ཅེ་ཧྲེར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བརྡ་ལན་ཞུ། ཨན་ཆིང་ནས”ཞེས་པའི་སྦྱར་ཡིག་ཆེན་པོ་དེ་ནི་སྐབས་དེ་དུས་དམར་དམག་གི་དཔུང་ཕྱོགས་སྒར་ཆེན་གཉིས་པ་ཨན་ཆིང་གི་མུ་ཏ་རོང་ནས་སྐྱོད་སྐབས་བྲིས་པ་ཞིག་རེད།
         ད་ཆའི་དམར་དམག་རོང་དུ་དམར་དམག་གི་བསིལ་ཁང་དང་། དམར་དམག་གི་ཟམ་པ། དམར་དམག་གི་ལམ། དམར་དམག་གི་ཆུ་མིག དམར་དམག་གི་སོ་ལྟ་ཁུལ། དམར་དམག་གི་སྒར་ས། དམར་དམག་གི་བང་སོ། དམར་དམག་གི་འགྲེམས་སྟོན་ཁང་སོགས་ཡོད།
         དམར་དམག་ལ་དྲན་གསོ་ཞུ་ཆེད། 1985ལོར་པད་མ་རྫོང་སྲིད་གཞུང་གིས་བོད་རྒྱའི་བཟོ་བཀོད་ཀྱི་རྣམ་པ་ཟུང་དུ་བསྡུས་པའི་དམར་དམག་གི་བསིལ་ཁང་བརྒྱབ་ཁར། རྡོ་རིང་ཞིག་གི་ཐོག“བྱང་སྐྱོད་ཀྱིས་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་དང་ཅང་ཅེ་ཧྲེར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བརྡ་ལན་ཞུ། ཨན་ཆིང་ནས”ཞེས་པ་བསིལ་ཁང་ནང་ཉར་ཚགས་བྱས་ཤིང་། སྦྱར་ཡིག་དེ་ལས་ལོ་རྒྱུས་ཀྱི་རྣམ་པ་ཟབ་མོ་མཐོང་ཐུབ་ལ། དམར་དམག་གནས་དེ་ནས་བརྒྱུད་མྱོང་བའང་མཚོན་ཐུབ།
         དམར་དམག་གི་བང་སོ་དེ་པད་མ་རྫོང་གི་ཨ་ཧྲེ་ཆང་དགོན་འགྲམ་གྱི་རི་ཉག་ཏུ་ཡོད་པ་དང་རྫོང་དང་བར་ཐག་སྤྱི་ལེ་བདུན་ཙམ་ཡོད་ལ། དེ་ནི་1936ལོར་བསྐྲུན་པ་ཞིག་རེད། 2006ལོའི་ཟླ་8ཚེས་1ཉིན་པད་མ་རྫོང་སྲིད་གཞུང་གིས“དམར་དམག་གི་བང་སོ”དམར་དམག་རོང་དུ་སྤོས་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་20ཟིན་ཞིང་། བང་སོའི་མདུན་དུ་རྡོ་རིང་སླངས་ནས་དེའི་ཐོག“དམར་དམག་གི་བང་སོ”ཞེས་བྲིས་ཡོད།
         དམར་དམག་རོང་དང་། དམར་དམག་གི་བསིལ་ཁང་། དམར་དམག་གི་ཟམ་པ། དམར་དམག་གི་ཆུ་མིག དམར་དམག་གི་སོ་ལྟ་ཁུལ། དམར་དམག་གི་བང་སོ་བཅས་མཐོང་སྐབས་སེམས་སུ་བརྗོད་མི་ཤེས་པའི་ངར་ཤུགས་ཤིག་དང་གུས་སེམས་ཤིག་སླེབས་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།