འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་རྩལ་པུའུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག་ཚན་རྩལ་དབུལ་སྐྱོར་བྱ་སྤྱོད་ཇུས་
    གཞི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན། “དབུལ་སྐྱོར་ཉིན་མོ”སླེབས་ལ་ཉེ་བའི་དུས། ཚན་རྩལ་པུའུ་དང་། སློབ་གསོ་པུའུ། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་བཀོད་ཁང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ལྷན་ཚོགས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་སྡེ་ཚན་བདུན་གྱིས་ཚེས་16ཉིན་མཉམ་འབྲེལ་ཐོག་ཚན་རྩལ་དབུལ་སྐྱོར་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ“ཚན་རྩལ་དབུལ་སྐྱོར་ཆ་འཕྲིན་མཉམ་སྤྱོད་དང་གྲུབ་འབྲས་སྤེལ་རེས་ལས་སྟེགས”གཉེར་འགོ་བཙུགས་པ་རེད།
         ཟླ་10ཚེས་17ཉིན་ནི“རྒྱལ་སྤྱིའི་དབུལ་སེལ་ཉིན་མོ”ཡིན་ཞིང་། རང་རྒྱལ་གྱིས་2014ལོ་ནས་བཟུང་ལོ་ལྟར་གྱི་ཟླ་10ཚེས་17ཉིན་དེ“དབུལ་སྐྱོར་ཉིན་མོར”གཏན་འཁེལ་བྱས་པ་རེད།
         ཇུས་གཞིར་གཞིགས་ན། སྡེ་ཚན་བདུན་གྱིས་མཉམ་དུ་ཚན་རྩལ་དབུལ་སྐྱོར་བྱ་སྤྱོད་སྤེལ་ཏེ“གནད་སྨིན་དབུལ་སྐྱོར་དང་། རིག་སྟོབས་དབུལ་སྐྱོར། ལས་གཏོད་དབུལ་སྐྱོར། མཐུན་སྦྱོར་དབུལ་སྐྱོར”བཅས་ལ་དམིགས་ནས་ས་ཁུལ་དབུལ་པོ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཞིབ་ཕྲའི་དགོས་མཁོར་གཞིགས་ཏེ་ལག་རྩལ་འགག་སྒྲོལ་དང་། གྲུབ་འབྲས་གཞན་སྒྱུར། ལས་སྟེགས་གཏོད་པ། གཞི་རྒྱུ་འབྲེལ་མཐུད། ལས་གཏོད་དབུལ་སྐྱོར། སློབ་ཁྲིད་གསོ་སྦྱོང་། ཚན་རིག་ཁྱབ་གདལ་དང་ཞིང་ཕན་སོགས་ཀྱི་བྱ་སྤྱོད་སྤེལ་བ་བརྒྱུད་2020ལོར་སླེབས་སྐབས་ས་ཁུལ་དབུལ་པོར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་རྣམ་པ་གསར་པ་ཞིག་སྤྱིའི་ཆ་ནས་ཆགས་པ་བྱ་རྒྱུ་རེད།
         ཚེས་16ཉིན། ཚན་རྩལ་པུའུ་དབུལ་སྐྱོར་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གསར་སྤེལ་མཛུབ་ཁྲིད་སིས་པེ་ཅིང་དུ་མཉམ་འབྲེལ་ཐོག“2016ལོའི་དབུལ་སྐྱོར་ཉིན་མོའི་དབུལ་པོ་ཉུང་གཏོང་གི་འཕེལ་རྒྱས་གླེང་སྟེགས་ཚན་རྩལ་དབུལ་སྐྱོར་མཉམ་གཤིབ་གླེང་སྟེགས”གཉེར་ནས་གསར་གཏོད་ལ་བརྟེན་ནས་ཡར་སྐུལ་བྱེད་པ་དང་གནད་སྨིན་དབུལ་སྐྱོར་གཙོ་གནད་ཐོག་གླེང་བ་རེད།
         ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཞུས་ནན་ཕིང་གིས་གླེང་སྟེགས་ཐོག་གསུངས་དོན། ཚན་རྩལ་སྡེ་ཚན་གྱིས་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཤུགས་རྒྱག་ས་ནི་ཀྲུང་དབྱང་གི་གནད་སྨིན་དབུལ་སྐྱོར་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་སྙིང་སྟོབས་ལ་རོགས་སྐྱོར་བྱེད་པ། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྟོབས་རོགས་སྐྱོར་བྱེད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཚན་རྩལ་མི་སྣ་ཁྲི་སྟོང་མང་པོ་གཞི་རིམ་དུ་བསྐྱོད་དེ་ཚན་རིག་ཁྱབ་གདལ་དང་གསོ་སྦྱོང་སོགས་ཀྱི་ཚན་རྩལ་འདེགས་སྐྱོར་བྱས་པ་བརྒྱུད་དུད་ཚང་དབུལ་པོའི་མི་མངོན་པའི་སྟོབས་ཤུགས་དང་གསར་གཏོད་ལས་གཏོད་བྱེད་སེམས་འཕེལ་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་ཧྥན་ཞའོ་ཅན་གྱིས“ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་འཛིན་ས་གལ་ཆེན་དང་ཤུགས་རྒྱག་ས་གཙོ་བོ་དེའང་ཡིན། ཚན་རྩལ་འགག་སྒྲོལ་དང་། གྲུབ་འབྲས་གཞན་སྒྱུར། གཞི་རྒྱུ་འབྲེལ་མཐུད་སོགས་ཀྱི་བྱ་སྤྱོད་རབ་དང་རིམ་པ་བརྒྱུད་ཚན་རྩལ་གསར་གཏོད་ཀྱིས་གནད་སྨིན་དབུལ་སྐྱོར་ཁྲོད་ཀྱི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།