འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡན་ཨན་དུ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། ཆིན་ཆང་ཁྲང་གཞི་དེང་རབས་ཟློས་གར་《ཁྱིམ་གཞིས་》ཞེས་པ་འཁྲབ་པ་དང་སྦྲགས་ཚེས་15ཉིན་གྱི་དགོང་མོ་གསར་བརྗེའི་གནས་མཆོག་ཡན་ཨན་དུ་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་རིག་གནས་སྒྱུ་རྩལ་གྱི་དུས་ཆེན་གཟབ་རྒྱས་ཏེ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་འགོ་ཚུགས་པ་རེད།
         ཀྲུང་གོའི་སྒྱུ་རྩལ་དུས་ཆེན་ཟླ་ཕྱེད་ཙམ་གཉེར་རྒྱུ་ཡིན་པ་དང་། དེ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྒྱུ་རྩལ་དུས་ཆེན་གཟབ་རྒྱས་ཤིག་རེད། སྒྱུ་རྩལ་དུས་ཆེན་གཏོང་རིང་། སྐབས་བཅོ་ལྔ་པའི་དབུན་ཧྭ་བྱ་དགའ་དཔྱད་འདེམས་དང་། སྐབས་བཅུ་བདུན་པའི་སྐར་ཚོམ་བྱ་དགའ་དཔྱད་འདེམས། རྒྱལ་ཡོངས་ཀྱི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན། རྒྱལ་ཡོངས་ཀྱི་ཐང་ཆེན་ཞབས་བྲོ་འགྲེམས་འཁྲབ། ཀྲུང་གོའི་ཞིང་པའི་བརྩམས་ཆོས་རྩེ་གྲ་འཁྲབ་སྟོན། འཁྲབ་རྩལ་ཐོན་རྫས་དངོས་མང་ཉོ་ཚོང་ཚོགས་འདུ་སོགས་རིག་གནས་སྒྱུ་རྩལ་བྱེད་སྒོ་མང་པོ་སྤེལ་བ་དང་སྒྱུ་རྩལ་རྩེ་གྲ་བརྒྱ་ཕྲག་ཧྲའན་ཤིས་ཞིང་ཆེན་གྱི་འགྲེམས་ཁང་51ཏུ་འཁྲབ་སྟོན་བྱས་པ་རེད།
         གཞན་ཡང་དབུན་ཧྭ་བྱ་དགའི་དཔྱད་འདེམས་ཁྲོད་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དཔྱད་འདེམས་ནང་ཞུགས་པའི་ཕུལ་བྱུང་ཟློས་གར་57བྱ་དགའ་དཔྱད་འདེམས་ནང་ཞུགས་པ་དང་། དེའི་ནང་ས་གནས་ཟློས་གར་དང་། གཏམ་བརྗོད་ཟློས་གར། བྱིས་པའི་ཟློས་གར། གླུ་གར། རོལ་དབྱངས་ཟློས་གར། རྩལ་རྩེད་ཟློས་གར་སོགས་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཚུད་ཡོད། དེས་སྐབས་བཅོ་ལྔ་པའི་དབུན་ཧྭ་བྱ་དགའ་ཆེ་མོའི་བྱ་དགའ་ཐོབ་པའི་ཟློས་གར་10དང་དེ་བཞིན་སྤྱོད་ཡོན་གཉིས་ལྡན་གྱི་"དབུན་ཧྭ་འཁྲབ་སྟོན་བྱ་དགའ་"ཡི་སྒྱུ་རྩལ་མཁས་པ་10གདམ་རྒྱུ་རེད།
         སྐར་ཚོམ་བྱ་དགའི་དཔྱད་འདེམས་ནང་ཞུགས་པའི་བརྩམས་ཆོས་ཀྱིས་ཉེ་བའི་ལོ་ཤས་ནང་མང་ཚོགས་རིག་རྩལ་གྱི་ཕུལ་བྱུང་གྲུབ་འབྲས་མཚོན་ཐུབ། དཔྱད་འདེམས་ནང་ཞུགས་པའི་བརྩམས་ཆོས་ཚང་མ་གཞི་རིམ་དུ་འཁྲབ་སྟོན་བྱས་པས་རིག་གནས་དམངས་ཕན་གང་ལེགས་མངོན་ཡོད། ཐོག་མར་འདེམས་རིང་ས་གནས་ཁག་ཏུ་འགྲེམས་འཁྲབ་བྱས་ནས་གདམ་གསེས་འཁྲབ་སྟོན་ཐེངས་ཁྲི་1.43བྱས་པར་ལྟད་མོ་བ་ཁྲི་1083ཟིན་ཡོད་པ་རེད།
         གཞན་ཡང་"སྒྱུ་རྩལ་གྱི་དུས་ཆེན་གཟབ་རྒྱས། མི་དམངས་ཀྱི་དུས་ཆེན་"ཞེས་པའི་དུས་ཆེན་གཏོང་བའི་དམིགས་ཡུལ་དང་"རྩེ་གྲ་དང་། དམངས་ཕན། གྲོན་ཆུང་། རྒྱུན་མཐུད་"བཅས་ཀྱི་གྲོན་ཆུང་ངང་དུས་ཆེན་གཏོང་བའི་རྩ་དོན་དོན་ཐོག་ཏུ་འཁྱོལ་ཆེད། སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱིས་སྤ་སེའི་རིན་གོང་དམའ་པོའི་ཐོག་ནས་དམངས་ལ་ཕན་པ་བསྐྲུན་ཏེ་མི་སེར་སྔར་བས་མང་བ་ཟློས་གར་ཁང་དུ་བསྐྱོད་ཐུབ་པ་བྱུང་ཡོད། སྒོར་100མན་གྱི་སྤ་སེས་སྤ་སེ་ཡོངས་ཀྱི་65%ཟིན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།