འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་གྱིས“ས་ཞིང་བསྡུས་པའི་ཞིང་པའི་རྒན་གསོའི་དངུལ་བུན”ཞེས་པ་རྒྱལ་ཡོངས་
    སུ་ཐོག་མར་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན། ཀྲུང་གོ་ཞིང་ལས་དངུལ་ཁང་ཧུའུ་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཧུའུ་ནན་གྱི་ལའོ་ཏི་རུ་ཞིང་པའི་རྒན་གསོའི་དངུལ་བུན་ཐོན་རྫས་ཐོག་མར་བཏོན་ཞིང་། ས་ཞིང་བསྡུས་པའི་ཞིང་པས་དངུལ་བུན་གཡར་ནས་རྒན་གསོའི་འགན་བཅོལ་གྲོན་དངུལ་གྲངས་ཚང་གི་སྒོ་ནས་གསབ་འཇལ་བྱས་ན་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་རྒན་གསོའི་དངུལ་བཏང་ནས་དངུལ་བུན་འཇལ་ཆོག་གི་ཡོད། དེ་ལས་གསབ་འཇལ་གྱི་དངུལ་མེད་པའི་དབང་གིས་རྒན་གསོའི་ཐོབ་ཐང་ཤོར་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་བྱེད་ཐེངས་དང་པོ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་པའི་རྒན་གསོའི་དངུལ་བུན་ཞེས་པ་དེས་གསབ་འཇལ་གྱི་ཆ་རྐྱེན་འཛོམས་ནའང་རྒན་གསོའི་འགན་བཅོལ་གྲོན་དངུལ་ཐེངས་གཅིག་ལ་གྲངས་ཚང་གི་སྒོ་ནས་གསབ་འཇལ་མ་ཐུབ་པའི་ས་ཞིང་བསྡུས་པའི་ཞིང་པར་དམིགས་ཤིང་། ནོར་སྲིད་ཀྱིས་གཏོང་བའི་ཆ་ཤས་ཕུད། དེ་བྱིངས་ཀྱི་མི་སྒེར་གྱིས་འཇལ་དགོས་པའི་རྒན་གསོའི་འགན་བཅོལ་གྲོན་དངུལ་དག་ཞིང་ལས་དངུལ་ཁང་གིས་དངུལ་བུན་གཏོང་རྒྱུ་ཡིན་པ་དང་། ཡིད་རྟོན་གྲངས་ཚད་འགོ་ཚུགས་གནས་ནི་སྒོར་3000ཡིན་པ་དང་མཐོ་ཤོས་སྒོར་ཁྲི་10ལས་བརྒལ་གྱི་མེད་པ། གཏའ་མ་འཇོག་མི་དགོས་པར་དངུལ་གཡར་མཁན་གྱིས་ཟླ་བ་རེར་ལེན་རྒྱུ་ཡོད་པའི་རྒན་གསོའི་དངུལ་བཏང་ནས་འཇལ་ཆོག་གི་ཡོད། ཞིབ་པར་བརྗོད་ན། ཞིང་པའི་རྒན་གསོའི་དངུལ་བུན་བརྒྱུད་དངུལ་སྒོར་ཟུར་གཅིག་ཀྱང་གཏོང་མི་དགོས་པར་ས་ཞིང་བསྡུས་པའི་ཞིང་པར་ཟླ་རེར་སྒོར་400ཡན་གྱི་རྒན་གསོའི་དངུལ་ལེན་རྒྱུ་ཡོད། དེ་ལས་ས་ཞིང་བསྡུས་པའི་ཞིང་པའི་རྒན་གསོའི་སེམས་ཁྲལ་སེལ་ཐུབ་རྒྱུ་རེད། སྲོལ་རྒྱུན་གྱི་ཞིང་དུད་ཀྱི་འབོར་ཉུང་དངུལ་བུན་དང་བསྡུར་ན་དངུལ་བུན་དེར་དུས་ཡུན་རིང་བ་དང་། སྐྱེད་ཀ་དམའ་བ། ཆོག་འཐུས་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། དུས་ཚད་རིང་ཤོས་ལོ་15ཟིན་པ་དང་། སྐྱེད་ཚད་དེ་གཞི་རྩའི་སྐྱེད་ཚད་ལས་10%དམའ་རུ་གཏོང་ཆོག་པ། ཁག་ཐེག་བྱེད་མི་དགོས་ལ་གཏའ་འཇོག་ཀྱང་བྱེད་དགོས་ཀྱི་མེད་པ་རེད།
          ཟླ་དགུ་པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་ཧུའུ་ནན་ལའོ་ཏི་ཡན་ལག་དངུལ་ཁང་གིས་ལའོ་ཤིང་ཆུས་དབན་པའོ་གྲོང་རྡལ་པ་ཅའོ་གྲོང་ཚོར་རྒྱལ་ཡོངས་ཀྱི་ཞིང་ལས་དངུལ་ཁང་གི་ཁག་དང་པོའི་ཞིང་པའི་རྒན་གསོའི་དངུལ་བུན་བཏང་ཞིང་། ཁྱོན་དངུལ་བུན་ཁག་33བཏང་བར་དངུལ་གྲངས་སྒོར་ཁྲི་162ཟིན་ཡོད་པ་རེད། ཞིང་ལས་དངུལ་ཁང་ཧུའུ་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགན་འཁུར་བས་དངོས་སུ་བཀོལ་སྤྱོད་བྱེད་རིང་ཞིང་ལས་དངུལ་ཁང་དང་། སྤྱི་ཚོགས་འགན་ལེན་སྡེ་ཚན། ས་ཞིང་བསྡུས་པའི་ཞིང་པ་བཅས་ཕྱོགས་ཀྱིས་གྲོས་མཐུན་ཡི་གེ་བཞག་རྗེས་དངུལ་བུན་གཏོང་རྒྱུ་དང་ཕྱིར་སྤྲོད་བྱེད་པའི་ཐད་མ་དངུལ་བཀག་སྡོམ་གྱིས་སྤྱོད་རྒྱུ་ཡིན། དངུལ་གཡར་མཁན་གྱི་རྒན་གསོའི་དངུལ་དང་། འཆི་གོད་གྱོང་གསབ་རོགས་དངུལ། ཁ་གསབ་རོགས་དངུལ་བཅས་སྔོན་ལ་དངུལ་བུན་འཇལ་བར་སྤྱོད་རྒྱུ་ཡིན། དེ་ལས་ཞིང་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་ལ་དངུལ་བུན་གྱི་ཉམས་ཉེན་ཚོད་འཛིན་ཡང་ཐུབ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།