འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྨ་ཆུ་ནས་ལིན་ཞར་ཆུ་འདྲེན་པའི་ལས་གྲྭས་ཀན་སུའུ་ཐན་ཁུལ་མང་ཚོགས་ཁྲི་57གྱི་
    འཐུང་ཆུའི་དཀའ་ངལ་བསལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་ནས་ལིན་ཞར་ཆུ་འདྲེན་པའི་ལས་གྲྭ་སྐྲུན་ཟིན་ནས་ཆུ་ཤར་གཏོང་ཐུབ་ཡོད། ཡུལ་དེའི་ཐན་ཁུལ་དང་ཕྱེད་སྐམ་ཐན་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲི་57གྱི་ལོ་བཅུ་ཕྲག་མང་པོའི“སྐོམ་པ་སེལ་བའི”ཕུགས་འདུན་མངོན་གྱུར་ཐུབ་པ་རེད།
         ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་འདི་ཉིད་ཀན་སུའུ་ཞིང་ཆེན་གྱི་དབུས་སུ་ཆགས་པ་དང་རི་མཐོ་ལ་གྲོག་རོང་གཏིང་ཟབ་པས་ལོ་བཅུའི་ནང་ལོ་དགུ་ཐན་པ་བསྟན་གྱི་ཡོད། ཀྲོའུ་ལྟེ་བའི་གྲོང་ཁྱེར་གནས་ཡུལ་ལིན་ཞ་གྲོང་ཁྱེར་དུ་དུས་ཡུན་རིང་པོའི་ནང་ཆུ་མཁོ་འདོན་མི་འདང་བས་ཀྲོའུ་ཡོངས་ཀྱི་གྲོང་གསེབ་ཀྱི་མི་ཕྱུགས་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།
         ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་རྒྱལ་ཁབ་ཀྱིས་རྨ་ཆུའི་སྟོད་རྒྱུད་ནས་ལིན་ཞ་ཀྲོའུ་ལ་ཆུ་འདྲེན་རྒྱུའི་གཏན་ཁེལ་བྱས། 2015ལོའི་ཟླ་7ཚེས་15ཉིན་རྨ་ཆུ་ནས་ལིན་ཞར་ཆུ་འདྲེན་པའི་ལས་གྲྭ་བསྐྲུན་འགོ་ཚུགས་པ་དང་ཨར་རྒྱག་ཚན་པས་ཨར་རྒྱག་དཀའ་ངལ་མང་པོ་ཁྱད་སད་བྱས་ཏེ་འདི་ལོའི་ཟླ་10ཚེས་16ཉིན་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མ་འཚོག་གོང་ཆུ་ཤར་གཏོང་ལས་འགན་ལེགས་གྲུབ་བྱས་པ་རེད།
         རྨ་ཆུ་ནས་ལིན་ཞར་ཆུ་འདྲེན་པའི་ལས་གྲྭ་དེའི་ལོ་རེའི་ཆུ་འཐེན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4970ཟིན་པ་དང་ཆུ་འདྲེན་ལྕགས་མདོང་རིང་ཚད་སྤྱི་ལེ་40.5ཟིན་ཡོད། ལས་གྲྭ་དེས་ལིན་ཞ་ཀྲོའུ་ཡི་ལིན་ཞ་གྲོང་ཁྱེར་དང་ལིན་ཞ་རྫོང་གི་མི་ཁྲི་57གྱི་འཐུང་ཆུའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། ཕྱུགས་ཟོག་ཁྲི་76ལྷག་ཙམ་གྱི་འཐུང་ཆུའི་གནད་དོན་ཞི་ལྷོད་དུ་ཆེས་ཆེར་གཏོང་ཐུབ་པ་ལས་ཡུལ་དེའི་ཧུད་རིགས་དང་རྒྱ་རིགས་མང་ཚོགས་ཀྱིས་ཕྱུགས་ཟོག་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་རོགས་རམ་ཐུབ་རྒྱུ་རེད།
         ལིན་ཞ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་དབྱང་ཡོན་ཀྲུང་གིས་རྨ་ཆུ་ནས་ལིན་ཞར་ཆུ་གཏོང་བའི་ལས་གྲྭས་ཆུ་ཤར་གཏོང་ཐུབ་པ་དེས་ལིན་ཞ་བའི་རྨ་ཆུའི་ཆུ་འཐུང་བའི་ཕུགས་འདུན་མངོན་འགྱུར་ཐུབ་པ་དང་གྲོང་ཁྱེར་གྱི་ཆུ་མཁོ་འདོན་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་འཐུང་ཆུའི་བདེ་འཇགས་དང་སྤུས་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།