འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཐག་རིང་ལུང་ཁུག་ཏུ་ཡོད་པའི་སློབ་གྲྭའི་དགེ་རྒན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐག་རིང་ལུང་ཁུག་ཏུ་ཡོད་པའི་སློབ་གྲྭའི་དགེ་རྒན།
         མི་དམངས་དྲ་བའི་འཕྲིན། ཐག་རིང་ལུང་ཁུག་ཏུ་ཆགས་པའི་ཏི་མ་ལུའོ་གྲོང་སྡེ་ནི་ཡུན་ནན་ཞིང་ཆེན་གྱི་རྒྱ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་གི་པང་ཏང་ཤང་པང་ཏང་ལྟེ་བའི་སློབ་གྲྭའི་ཁོངས་གཏོགས་ཀྱི་ཆེས་མཐའ་ཁུལ་ལམ་ས་དབྱིབས་ཆེས་རྙོག་འཛིང་ཆེ་བའི་སྡེ་བ་ཞིག་ཡིན་པ་རེད། དུས་ཆེན་གྱི་གུང་གསེང་སྐབས་ལ་སློབ་གྲྭས་གུང་གསེང་གཏོང་བའི་སྔ་རོལ་རེ་རེ་ལ། སཱང་ལའེ་ཡིས་དགེ་རྒན་གཞན་པ་ཚོ་དང་མཉམ་དུ་སློབ་མ་བཅུ་ཕྲག་པོ་ཕྱིར་རང་ཁྱིམ་དུ་སྲུང་སྐྱེལ་བྱེད་དགོས་པ་རེད།
         "ཡར་བལྟས་ན་རི་དང་མར་བལྟས་ནའང་རི། རི་གསེབ་ཏུ་ཕྱིན་ན་རི་ཡིན་ལ་ཕྱི་རོལ་དུ་ཕྱིན་ན་ཡང་རི་རེད་འདུག"ཅེས་1980ལོའི་རྗེས་སུ་སྐྱེས་པའི་ནུའུ་རིགས་ཕོ་གསར་སཱང་ལའེ་ཡིས་རང་ཉིད་དགེ་རྒན་གྱི་ལས་ཀ་བྱེད་ཡུལ་ཏེ་ཡུན་ནན་ཞིང་ཆེན་པང་ཏང་ཤང་གི་སློབ་ཆུང་ལ་འདི་ལྟར་བརྗོད་པ་རེད།
         2007ལོར། ཡུན་ནན་ཕུའུ་ཨེར་སློབ་གླིང་རྩིས་འཁོར་སློབ་གསོའི་ཆེད་ལས་ནས་སློབ་མཐར་ཕྱིན་པའི་སཱང་ལའེ་ནི་ཐག་རིང་རི་ཁུག་ཏུ་ཕྱིན་ཏེ་རྒྱ་མོ་རྔུལ་ཆུ་རང་སྐྱོང་ཁུལ་གོང་ཧྲན་རྫོང་པང་ཏང་ཤང་གི་པང་ཏང་ལྟེ་བའི་སློབ་ཆུང་དུ་དམིགས་བསལ་ལས་གནས་ཀྱི་དང་བླངས་དགེ་རྒན་བྱེད་པར་བསླེབས་པས། སློབ་གྲྭ་འདི་ནང་གི་སློབ་ཆེན་དུ་འགྲིམས་མྱོང་ཡོད་པའི་དགེ་རྒན་གཅིག་པུར་གྱུར་པ་རེད། ཁོ་བོས་སྔ་གཞུག་ཏུ་རྒྱའི་སྐད་ཡིག་དང་། བསམ་བློ་ཀུན་སྤྱོད། རོལ་དབྱངས། མཛེས་རྩལ། དབྱིན་ཡིག་སོགས་ཀྱི་སློབ་ཚན་གྱི་དགེ་རྒན་བྱས་པ་མ་ཟད། ད་དུང་འཛིན་གྲྭའི་ཀྲུའུ་རེན་དང་སློབ་དཔྱོད་ཚོགས་ཆུང་གི་ཚོགས་གཙོ་ཡང་འཁུར་ཡོད་པ་རེད།
         སློབ་མ་ཚོར་རྒྱུས་ལོན་བཟང་པོ་བྱ་ཆེད། སཱང་ལའེ་ཡིས་བོད་སྐད་དང་ལི་སུའུ་སྐད་སོགས་རང་སྦྱོང་བྱས་པ་མ་ཟད། ད་དུང་སློབ་མའི་ཁྱིམ་ཚང་དུ་ནམ་རྒྱུན་འཚམས་འདྲི་བྱེད་པར་འགྲོ་བཞིན་ཡོད་པ་རེད། ཉེ་བའི་ལོ་10ཡི་རིང་ལ། ཁོ་བོས་ལ་བརྒྱབ་ཐང་བརྒལ་ངང་ཁྱོན་ལམ་ཐག་སྤྱི་ལེ་ཁྲི་གཅིག་ལྷག་ལ་ཕྱིན་ཡོད་ཅིང་། ལམ་བར་དུ་ས་རྡོ་བཤུད་པ་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ལ་ཐེངས་མང་འཕྲད་མྱོང་ཡོད་པ་རེད། ཐག་རིང་ལུང་ཁུག་ས་ཆའི་ཆ་རྐྱེན་ཧ་ཅང་ཞན་པས། སཱང་ལའེ་ཡིས་དྲ་ཐོག་ནས་སློབ་མ་ཚོར་སློབ་གསེང་སྐབས་ཀྱི་ཀློག་དེབ་དང་འཚོ་བའི་མཁོ་ཆས་བསྡུ་རུབ་བྱས་མྱོང་བ་རེད།
         2006ལོར་རང་རྒྱལ་གྱི་དམིགས་བསལ་ལས་གནས་གྱི་འཆར་གཞི་སྤེལ་འགོ་ཚུགས་པ་ནས་བཟུང་། སཱང་ལའེ་ལྟ་བུའི་ན་གཞོན་ཁྲི་50ལྷག་རང་རྒྱལ་དབུས་ནུབ་ས་ཁུལ་གྱི་རྫོང་1000ལྷག་ལ་ཕྱིན་ཏེ་རྒྱལ་ཡོངས་ཀྱི་ཐག་རིང་ལུང་ཁག་གི་གྲོང་གསེབ་སློབ་གྲྭ་ཁྲི་3ལྷག་ཙམ་གྱི་སློབ་གསོའི་གནས་ཚུལ་ལེགས་སུ་བཏང་བ་རེད། དམིགས་བསལ་ལས་གནས་ཀྱི་བཀོད་སྒྲིག་ལ་ལྟར་ན། དམིགས་བསལ་དགེ་རྒན་གྱི་ལས་ཀ་བྱས་ནས་ལོ་3ལོན་རྗེས་ཡང་བསྐྱར་རང་མོས་ངང་ལས་གནས་གསར་པ་བཙལ་ཆོག་པ་རེད།
         རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་གོང་ཧྲན་རྫོང་ལ་མཚོན་ན། 2006ལོ་ནས་2009ལོའི་བར། ཁྱོན་བསྡོམས་དམིགས་བསལ་དགེ་རྒན་ལྔ་བསྡུ་ཐུབ་ཡོད་པ་དང་། དེའི་ནང་སཱང་ལའེ་གཅིག་པུས་དམིགས་བསལ་དགེ་རྒན་གྱི་ལས་ཀའི་དུས་ཡུན་མཇུག་རྫོགས་རྗེས་མུ་མཐུད་དུ་གྲོང་གསེབ་ཀྱི་དགེ་རྒན་གནང་ཡོད་པ་མ་གཏོགས། གཞན་ཚང་མས་ལས་གནས་བསྒྱུར་བ་རེད།
         "ང་ཚོ་ནི་སློབ་མ་ཚོའི་དགེ་རྒན་ཡིན་པ་མ་ཟད། ད་དུང་སློབ་མའི་སེམས་ཀྱི་རྟེན་ས་ཡང་ཡིན་པ་རེད།" "ང་རང་ཡང་ཐག་རིང་ལུང་ཁུག་ཏུ་འཚར་ལོངས་བྱུང་བའི་བྱིས་པ་ཞིག་ཡིན་པས། རང་ནུས་གང་ཡོད་བཏོན་ཏེ་གྲོང་གསེབ་ཀྱི་བྱིས་པ་འདི་ཚོར་ཤེས་བྱ་ཡོན་ཏན་གྱི་སྟོབས་ཤུགས་མྱོང་ཐུབ་པའི་རེ་བ་ཡོད"ཅེས་འདི་ལྟར་ཁོང་གིས་ལས་གནས་བརྟན་སྲུང་བྱེད་པ་དེ་ལ་འགྲེལ་བཤད་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།ཐག་རིང་ལུང་ཁུག་ཏུ་ཡོད་པའི་སློབ་གྲྭའི་དགེ་རྒན།
      

    ཕྱོགས་བསྡུས་གསར་འགྱུར།