འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སྟོན་འབྲུ་ཕྱེད་ཀ་ཙམ་བསྡུས་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་རྒྱལ་ཡོངས་ཀྱི་སྟོན་བསྡུ་བྱེད་ཚད་ཕྱེད་ཙམ་ལེགས་གྲུབ་ཟིན་པ་དང་། གྲོ་འདེབས་ཚད་བཅུ་ཆ་གཅིག་ལས་བརྒལ་ནས་མྱུར་ཚད་དེ་ན་ནིང་གི་དུས་མཚུངས་ལས་མགྱོགས་པ་ཡོད། ཉེ་དུས་རྒྱལ་ཡོངས་ཀྱི་གནམ་གཤིས་ཕལ་ཆེ་བ་སྟོན་བསྡུ་དང་སྟོན་འདེབས་ལ་ཕན་པ་ཞིག་བསྟན་པས་ས་གནས་ཁག་གིས་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་སྟོན་བསྡུ་སྟོན་འདེབས་བདེ་བླག་ཡོང་བར་སྐུལ་མ་བཏང་བ་རེད།
         ཞིང་ལས་པུའི་ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་ལ་གཞིགས་ན། ཟླ་10ཚེས་8ཉིན་བར་རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུ་ཚད་51.2%ལེགས་གྲུབ་ཟིན་ནས་མྱུར་ཚད་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.3གྱིས་མགྱོགས་པ་ཡོད། ལོ་ཏོག་དབྱེ་ནས་བལྟས་ན། བར་སྨིན་ཆུ་འབྲས་(དུས་ཚིགས་དང་པོའི་ཆུ་འབྲས)50.9%བསྡུས་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.3གྱིས་མགྱོགས་པ་ཡོད། མ་རྨོས་ལོ་ཏོག་57.9%བསྡུས་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་9.6གིས་མགྱོགས་པ་ཡོད། སྲན་ཆེན་54.5%བསྡུས་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.6གིས་མགྱོགས་པ་ཡོད། ས་ཁུལ་དབྱེ་ནས་བལྟས་ན། ལྷོ་ནུབ་ས་ཁུལ་གྱི་སྟོན་བསྡུ་བཅུ་ཆ་བདུན་ཡན་ལེགས་གྲུབ་ཟིན་པ་དང་། རྨ་ཆུ་དང་ཧོའེ་ཧའེ། ཧེ་ཧའེ་ས་ཁུལ་དང་ནུབ་བྱང་ས་ཁུལ་དུ་བཅུ་ཆ་དྲུག་ཡན་ལེགས་གྲུབ་ཟིན་པ། བྱང་ཤར་ས་ཁུལ་དུ་བཅུ་ཆ་གསུམ་ཡན་ལེགས་གྲུབ་ཟིན་པ་བཅས་ཀྱི་མྱུར་ཚད་ཚང་མ་ན་ནིང་གི་དུས་མཚུངས་ལས་མགྱོགས་པ་ཡོད། འབྲི་ཆུའི་དབུས་སྨད་རྒྱུད་དང་ཧྭ་ནན་ས་ཁུལ་དུ་བཅུ་ཆ་བཞི་ཡན་ཙམ་ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་འགོར་ཙམ་ཡོད་པ་རེད།
         སྟོན་འདེབས་ཀྱི་གཤེར་ཚད་ལེགས་པ་དང་འཕེལ་ཚུལ་བདེ་བླག་ཡོད་ཅིང་། ཟླ་10ཚེས་4ཉིན་ནས་བཟུང་དགུན་གྲོ་འདེབས་ཁུལ་དུ་ཆར་པ་བབས་པའི་གནམ་གཤིས་བསྟན་པ་དང་ཀན་སུའུ་ཤར་ལྷོའི་རྒྱུད་དང་། ཧྲའན་ཤིས་དབུས་བྱང་རྒྱུད། ཧྲན་ཤིས་དབུས་བྱང་རྒྱུད། ཧོ་པེ་དབུས་བྱང་རྒྱུད། པེ་ཅིང་སོགས་སུ་ཆར་པ་བབས་ཚད་ཧའོ་སྨི་10ནས་25བར་ཟིན་པ་དང་དེའི་ནང་པེ་ཅིང་དང་ཧོ་པེའི་ཀྲང་ཅ་ཁའུ་དང་པའོ་ཏིང་། ཧྲའན་ཤིས་ཡུས་ལིན་གྱི་ས་ཆ་ཁ་ཤས་སུ་ཆར་པ་བབས་ཚད་ཧའོ་སྨི་50ནས་80ཟིན་ཡོད། ད་རེས་ཆར་པ་བབས་པ་དེས་ས་རྒྱུའི་བརླན་ཚད་ལེགས་སུ་ནུས་ལྡན་ཕྱིན་ཏེ་དགུན་གྲོ་འདེབས་པ་དང་ལྗང་བུ་འབུས་ཚད་ལ་ཕན་ཐོགས་བྱུང་ཡོད། ཟླ་10ཚེས་8ཉིན་བར་རྒྱལ་ཡོངས་ཀྱི་དགུན་གྲོ་འདེབས་ཚད་ཕྱེད་ཀ་ཡན་ལེགས་གྲུབ་ཟིན་ནས་མྱུར་ཚད་ན་ནིང་གི་དུས་མཚུངས་ལས་མགྱོགས་པ་ཡོད། དེའི་ནང་ནུབ་བྱང་ས་ཁུལ་དུ་ཕྱེད་ཙམ་ལེགས་གྲུབ་ཟིན་ཞིང་། ཧོ་པེ་དང་། ཧྲན་ཏུང་། ཧོ་ནན། ཅང་སུའུ། ཨན་ཧུའེ་བཅས་ཞིང་ཆེན་ལྔར་བཅུ་ཆ་གཅིག་ཡན་ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་མགྱོགས་པ་ཡོད། ལྷོ་ནུབ་ས་ཁུལ་དུ་འདེབས་འགོ་ཚུགས་ཙམ་ཡིན། རྒྱལ་ཡོངས་སུ་དགུན་དུས་ཀྱི་པད་ཁ་བཅུ་ཆ་གཉིས་ཙམ་བཏབ་ཟིན་ནས་མྱུར་ཚད་དུས་མཚུངས་དང་མཉམ་ཡོད།
         ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་སྔོན་དཔག་ལ་གཞིགས་ན། ཟླ་བ་བཅུ་པར་དགུན་གྲོ་འདེབས་ཁུལ་དང་དགུན་དུས་ཀྱི་པད་ཁ་ཐོན་ཁུལ་ཕལ་ཆེ་བར་ཆར་པ་བབས་ཚད་རྒྱུན་གཏན་གྱི་དུས་མཚུངས་དང་མཉམ་པའམ་ཡང་ན་དེ་བས་མང་བ་ཡོད་པ་དེས་སྟོན་འདེབས་བདེ་བླག་ཡོང་བར་ཕན་ཐོགས་ཡོད་པ་རེད། ཞིང་ལས་པུའི་འབྲེལ་ཡོད་འགན་འཁུར་བས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས་ཆར་པ་བབས་ཚུལ་དང་། བརླན་ཚད། སྟོན་བསྡུ་སྟོན་འདེབས་བཅས་ཀྱི་འཕེལ་ཚུལ་ལ་དུས་ཐོག་ཏུ་བཀོད་གཏོང་དང་། ས་ཁུལ་ཁག་གི་གནམ་གཤིས་ཡག་པོ་དམ་འཛིན་གྱིས་ཞིང་འཕྲུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྟོན་བསྡུའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ས་ཁོད་སྙོམས་པ་དང་བརླན་དང་བསྟུན་ནས་འདེབས་པ། བརླན་ཚད་ཞན་པའི་ཁུལ་གྱིས་དུས་ཐོག་ཏུ་བརླན་ཚད་ལ་གཞིགས་ནས་འདེབས་པ། འདེབས་འཛུགས་སྤུས་ཚད་གོང་མཐོར་གཏོང་བ། དུས་དང་བསྟུན་ནས་འདེབས་འཛུགས་འགན་ལེན་བཅས་ཡོང་རྒྱུའི་མཛུབ་ཁྲིད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།