འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལས་བྱེད་པ་ཞིག་གིས་རྩ་འཛུགས་ཀྱི་བརྟག་དཔྱད་ལ་འགྲན་རྒོལ་བྱས་པས
    “ཉིས་འབུད”ཀྱི་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སློབ་གསོ་ཅུས་(ལུས་རྩལ་ཅུས)ཀྱི་འགོ་འཛིན་ཟུར་པ་ཀྲང་ཀྲི་གོ་ཡིས་གཞན་གྱི་རྒྱུ་དངོས་སྒོར་ཁྲི་37.7བླངས་པ་དང་། རྩ་འཛུགས་ཀྱི་བརྟག་དཔྱད་ལ་འགྲན་རྒོལ་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་ཁོངས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད་པ་དང་། ཁོའི་ཉེས་གསོག་དོགས་ཡོད་གནད་དོན་གྱི་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བསྐྱལ་བ་རེད།
         ཞིབ་བཤེར་བྱས་པ་བརྒྱུད། ཀྲང་ཀྲི་གོ་ཡིས་ལས་གནས་ཀྱི་སྟབས་བདེ་སྤྱད་ནས་རང་ཉིད་ལ་ཁེ་ཕན་རག་ཐབས་བྱེད་ཆེད་སྔ་རྗེས་སུ་གཞན་གྱི་རྒྱུ་དངོས་སྒོར་ཁྲི་37.7བླངས་ནས་མི་གཞན་གྱིས་ཟངས་རི་རྫོང་སློབ་གསོ་ཅུས་(ལུས་རྩལ་ཅུས)ཀྱི་ཨར་ལས་རྣམ་གྲངས་སྒྲུབ་འགན་ལེན་པར་སྟབས་བདེ་མཁོ་འདོན་བྱས་ཡོད་པས། ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལས་ཚབས་ཆེན་འགལ་བ་རེད། 
         རྩ་འཛུགས་ཀྱིས་ཀྲང་ཀྲི་གོ་ལ་བརྟག་དཔྱད་བྱེད་པའི་རིང་ལ། ཁོས་རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་པར་གཞོགས་འདེགས་ཧུར་ཐག་མི་བྱེད་པ་དང་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་རང་འགུལ་ངང་ངོས་ལེན་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་གཞན་དང་ལྐོག་འབྲེལ་ཁ་མཐུན་གྱི་ཞུ་ཚིག་བཟོས་ནས་བུན་གཏོང་གི་འབྲེལ་བ་རྫུན་བཟོ་བྱེད་པར་བརྟེན་ཏེ་ཕན་ཆེ་གེ་མོའི་ལྐོག་དངུལ་བླངས་པའི་དོན་དངོས་སྦ་གསང་བྱ་རྩིས་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྒྲིག་ཁྲིམས་ལྟར་ཀྲང་ཀྲི་གོ་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་ཁོངས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ་མ་ཟད། ཁོའི་ཉེས་གསོག་དོགས་ཡོད་གནད་དོན་གྱི་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བསྐྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།