འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འབྲུ་རིགས་ཀྱི་གྱོང་གུན་ཆུང་གཏོང་དང་འབབ་འཕར་ཡོང་བ་བྱ་རྒྱུ་མངོན་གསལ་
    དོད་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འབྲུ་རིགས་ལོ་བསྟུད་མར་ལོ་ལེགས་བྱུང་བའི་དུས་བབ་འོག་རང་རྒྱལ་གྱི་འབྲུ་རིགས་སྡེ་ཚན་གྱིས་འབྲུ་རིགས་ཉོ་སྒྲུབ་དང་ཐོན་སྐྱེད་རྗེས་ཀྱི་ཞབས་ཞུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། “འབྲུ་རིགས་ཐོན་སྐྱེད་རྗེས་ཀྱི་ཞབས་ཞུའི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་ཏེ་འབྲུ་རིགས་འཚོང་མཁན་ཞིང་པར་སྲོ་སྐམ་གཏོང་བ་དང་། གད་གསེད་བྱེད་པ། ཁྲོལ་ཚགས་རྒྱག་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ། འབྲུ་རིགས་བཀར་འཇུག་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞིང་པར་གྱོང་གུན་ཆུང་གཏོང་དང་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་པ་བཅས་བྱས་ནས་གྱོང་གུན་དང་འཕྲོ་བརླག་མི་འགྲོ་བ་བྱས་ཡོད། 2014ལོ་ནས་2015ལོའི་བར་རིན་གོང་གཞི་རྟེན་དུ་བྱེད་པ་དང་། ཧྲིལ་སྐམ་རིམ་སྤོར་བྱེད་པ། ཐོན་སྐྱེད་རྗེས་གྱོང་གུན་ཆུང་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་པར་ཐད་ཀར་འབབ་འཕར་ཧ་ལམ་སྒོར་དུང་ཕྱུར་1400ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
         ཟླ་10ཚེས་16ཉིན་ནི་འཛམ་གླིང་གི་འབྲུ་རིགས་ཉིན་མོ་ཐེངས་36པ་དེ་ཡིན་ལ་རྒྱལ་ཡོངས་འབྲུ་གཅེས་དུས་ཆེན་གྱི་འབྲུ་རིགས་དྲིལ་བསྒྲགས་གཟའ་འཁོར་ཡང་ཡིན། འདི་ལོའི་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས་འབྲུ་རིགས་ཀྱི་གྱོང་གུན་ཆུང་གཏོང་དང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན། ཟླ་10ཚེས་10ནས་16ཉིན་བར་རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་གསེབ་དང་། སློབ་གྲྭ ཁྱིམ་ཚང་བཅས་སུ་འབྲུ་རིགས་ཀྱི་གྱོང་གུན་ཆུང་གཏོང་དང་འབབ་འཕར་གྱི་བྱེད་སྒོ་སྤེལ་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་སྐྱེད་དང་ཉོ་སྒྲུབ་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། འབྲུ་རིགས་འདེབས་འཛུགས་དང་། ཐོན་འབབ། གསོག་འཇོག་བཅས་ཀྱི་ཚན་རྩལ་ཤེས་བྱ་དང་དེ་བཞིན་འབྲུ་རིགས་གྲོན་ཆུང་དང་གྱོང་གུན་ཆུང་གཏོང་གི་ཤེས་བྱ་འགྲེལ་བཤད་རྒྱག་པ་བཅས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་འབྲུ་རིགས་ཀྱི་གྱོང་གུན་ཆུང་གཏོང་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་རང་རྒྱལ་གྱི་བྱེད་ཐབས་ལ་ཕན་འབྲས་ཐོན་པ་མངོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། འབྲུ་རིགས་ཀྱི་མཛོད་ཁང་རྒྱ་ཁྱོན་ཧ་ཅང་ཆུང་བ་དང་། ཕྱི་རོལ་དུ་འབྲུ་གསོག་ཚད་མང་བ། གཞི་རིམ་གྱི་འབྲུ་མཛོད་རྙིང་ལ་ཉམས་གསོ་བྱས་མེད་པ་བཅས་ཀྱིས་འབྲུ་རིགས་གསོག་འཇོག་ཐད་གྱོང་གུན་ཚབས་ཆེན་ཕོག་པའི་གནད་དོན་ལ་གཞིགས་ནས། ད་ཕན་ལོ་ཤས་ནང་རྒྱལ་ཁབ་འབྲུ་རིགས་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“འབྲུ་རིགས་ཀྱི་བདེ་འཇགས་འདུ་འགོད”ལག་བསྟར་བྱས་ཏེ་མིག་སྔའི་བར་འབྲུ་རིགས་རྒྱ་མ་དུང་ཕྱུར་1450གཤོང་བའི་འབྲུ་མཛོད་གསར་སྐྲུན་དང་། འབྲུ་རིགས་རྒྱ་མ་དུང་ཕྱུར་2460གཤོང་བའི“ཉེན་ཡོད་མཛོད་ཁང་རྙིང་པ”ཉམས་གསོ་བྱས་པས་འབྲུ་རིགས་གསོག་ནུས་ཧ་ཅང་ཆེ་རུ་ཕྱིན་ཁར་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
         ཞིང་དུད་ཀྱི་འབྲུ་གསོག་ཡོ་ཆས་རྙིང་པ་དང་། བདག་གཅེས་ཡག་པོ་བྱུང་མེད་པ། ཨ་བྲ་དང་འབུའི་གནོད་པ། རུལ་ཆེ་བ་སོགས་གནས་ཚུལ་དངོས་ལ་གཞིགས་ནས་ས་གནས་ཁག་གི་འབྲུ་རིགས་སྡེ་ཚན་གྱིས་ཞིང་དུད་ཀྱི་ཚན་རིག་འབྲུ་རིགས་གསོག་འཇོག་འདུ་འགོད་ལག་བསྟར་བྱས་པ་དང་། ཞིང་དུད་ཀྱི་འབྲུ་རིགས་ཡོ་ཆས་གསར་པ་ཞིབ་བཟོ་དང་ཁྱབ་གདལ་བཏང་ནས་ཞིང་དུད་ལ་ཚན་རིག་དང་མཐུན་པའི་འབྲུ་རིགས་གསོག་འཇོག་བྱ་རྒྱུར་ལག་རྩལ་གྱི་མཛུབ་ཁྲིད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།