འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དྭ་ཕྲུག་གིས་མ་ཡུམ་མེས་རྒྱལ་དང་མཉམ་དུ་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          རྒྱལ་སྟོན་གྱི་ཉིན་དེར“དྲིན་ཚོར་གྱི་སེམས་པ་བཅངས། ཁྱེད་ལ་ཐུགས་རྗེ་ཆེ་ཞུ། ཚེ་གང་འགྲོགས་པས་ང་ཡི་བློ་སྟོབས་འཕེལ”ཞེས་སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོས་གར་སྟེགས་ཐོག་ཞབས་བྲོ་འཁྲབ་ནས་མ་ཡུམ་མེས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱས།
          དགེ་རྒན་དང་ཕྲུ་གུ་ཚོས“འཁྲུངས་སྐར་བཀྲ་ཤིས་བདེ་ལེགས”ཞེས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་གཞུང་འགེལ་སྦྱར་ཡིག་བཀལ་བའི་ཚོན་ཁྲའི་ལྒང་ཕུག་གློད་པ་དང་། དགོས་ངེས་ཀྱི་གློག་འོད་དང་སྒྲ་སྐྱེད་ཡོ་བྱད་དེ་ཙམ་གྲ་རྒྱས་པོ་མེད་རུང་དམར་མདངས་བཀྲ་བའི་གར་སྟེགས་ཐོག་བཞག་ནས་མ་ཡུམ་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི“མཛད་སྒོ”དང་དྭ་ཕྲུག་ཚོའི་སྐྱེས་སྐར་མཉམ་དུ་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་ལ་གཉེར་བ་རེད།
          “སྲིད་གཞུང་གིས་གཅིག་སྡུད་འཚོ་ཉར་བྱས་པས་དྭ་ཕྲུག་རྣམས་ལ་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུ་བྱུང་ཡོད། ང་ཚོས་རྒྱལ་སྟོན་གྱི་ཉིན་དེར་ཕྲུ་གུ་རྣམས་ལ་ཐུན་མོང་ཐོག་སྐྱེས་སྐར་གཅིག་གཏོང་རྒྱུའི་ཐག་བཅད་པ་ཡིན”ཞེས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་ལས་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་བསྟན་འཛིན་དངོས་གྲུབ་ཀྱིས་དེ་ལྟར་བཤད།
          ཚེ་རིང་སྒྲོལ་མས“ང་ཚོར་སྐྱེས་པའི་ཕ་མ་མེད་ཀྱང་བདེ་པའི་འཚོ་བ་བསྐྱལ་རྒྱུ་བྱུང་བས་མ་ཡུམ་མེས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་དང་། ཉིན་དེར་བསུ་བ་ཞུ་ཆེད་ལོ་13ལ་སླེབས་པའི་ཚེ་རིང་སྒྲོལ་མས་ཆེད་མངགས་གཟབ་མཆོར་ཧར་པོ་ཞིག་སྤྲས་ཏེ་སྔ་ས་ནས་ཞབས་བྲོ་སྦྱངས། “ངས་ཞབས་བྲོའི་སྟངས་སྟབས་ལེགས་པར་བསྒྱུར་ཏེ་མ་ཡུམ་མེས་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱེད་ཀྱི་ཡིན”ཞེས་བཤད།
          2013ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《འགན་ལེན་ལྔར་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་ལས་ཀར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཏོན་པའི་ནང་ལོ་3གྱི་དུས་ཚོད་སྤྱད་དེ་ལྗོངས་ཡོངས་སུ“འདོད་མཐུན་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་རྫོང་རིམ་པ་ཡན་གྱི་སྒྲིག་གཞིར་གཅིག་སྡུད་བསྙེན་བཀུར་ཐུབ་ཚད་100%དང་དྭ་ཕྲུག་ས་ཁུལ་རིམ་པའི་གྲོང་ཁྱེར་ཡན་གྱི་སྒྲིག་གཞིར་གཅིག་སྡུད་འཚོ་སྐྱོང་ཐུབ་ཚད་100%ཟིན་པ་བྱ་རྒྱུའི”གཅིག་སྡུད་གཉིས་ཀྱི་དམངས་འཚོའི་འགན་ལེན་འདུ་འགོད་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ་འཁོད་ཡོད།
          2015ལོའི་ཟླ་12ཚེས་25ཉིན་ནས་བཟུང་བོད་ཀྱི་ནག་ཆུ་ས་ཁུལ་དང་ཆབ་མདོ་གྲོང་ཁྱེར་གྱི་དྭ་ཕྲུག་280སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་སླེབས། ཚེ་རིང་སྒྲོལ་མ་ནི“གཅིག་སྡུད་གཉིས”ཀྱི་ཕན་པ་ཐོབ་མཁན་གྲས་ཤིག་ཡིན། ཚེ་རིང་སྒྲོལ་མས“འདི་གའི་རྒན་ལགས་ཚོས་སྐྱེད་མ་དང་འདྲ་བར་ང་ཚོའི་འཚོ་བར་ལྟ་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲང་བའི་མཚན་མོར་ཡང་ཡར་བཞེངས་ནས་ང་ཚོའི་ཉལ་ཆས་གཡོག་སྐྱོར་བསྐྱོན་ནས་བྱམས་སྐྱོང་ཆེན་པོ་གནང་གི་ཡོད”ཅེས་བཤད།
          ནག་ཆུ་ནས་ཡིན་པའི་དྭ་ཕྲུག་ངག་ཆེན་གྱིས“བདེ་སྐྱིད་ཀྱི་འཚོ་བ་ནི་མ་ཡུམ་མེས་རྒྱལ་གྱིས་གནང་བ་ཞིག་རེད། མ་ཡུམ་མེས་རྒྱལ་གྱི་འཁྲུངས་སྐར་ནི་ང་ཚོའི་སྐྱེས་སྐར་དང་ཁྱད་མེད་པས་ངས་མ་ཡུམ་མེས་རྒྱལ་སྔར་ལས་སྟོབས་འབྱོར་མངའ་ཐང་རྒྱས་པའི་རེ་བ་སྙིང་དབུས་ནས་འཆང་བཞིན་ཡོད”ཅེས་བཤད།
          ལོ་9ལ་སླེབས་པའི་ལོ་རིམ་གསུམ་པའི་སློབ་མ་སྐྱིད་སྤུག་གིས་དྭངས་གཙང་ལྷད་མེད་ཀྱི་སྒོ་ནས་《པཱ་ལགས་དང་ཨ་མ་ལགས་》ཞེས་པ་འཁྲབ་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་གར་སྟེགས་འོག་གི་ཕྲུ་གུ་ཚོས་གླུའི་འགྱུར་ཁུག་དང་བསྟུན་ནས་སྐྱིད་སྤུག་ལ་ཤུགས་རྒྱོབ་ཤུགས་རྒྱོབ་ཅེས་བཤད། འཁྲབ་སྟོན་མཇུག་འགྲིལ་རྗེས་སྐྱིད་སྤུག་གིས་སྐད་ཤུགས་ཆུང་ཡང་བློ་རྩ་བརྟན་པོས“ང་ལ་ཕ་མ་མེད་པ་ག་ལ་སྲིད། མེས་རྒྱལ་མ་ཡུམ་ང་ཡི་ཕ་མ་ཡིན”ཞེས་བཤད།
          སྐྱེས་སྐར་གྱི་སྒོ་ངའི་བག་ལེབ་ཐོག་གི“མེས་རྒྱལ་ཐུགས་རྗེ་ཆེ”དང“འཁྲུངས་སྐར་བཀྲ་ཤིས་བདེ་ལེགས”ཞེས་པའི་ཕྲུ་གུ་ཚོའི་སྟབས་བདེ་ལ་བབ་ཆགས་པའི་ཡི་གེ་ལས་མ་ཡུམ་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་སེམས་མཚོན་པ་དང་། གླུ་དབྱངས་ཀྱི་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་ཕྲུ་གུ་ཚོས་ག་ལེར་མིག་བཙུམས་ཏེ་མ་ཡུམ་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུས།
      

    ཕྱོགས་བསྡུས་གསར་འགྱུར།