འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལས་དོན་ལ་འཛམ་གླིང་
    གི་ཁས་ལེན་ཐོབ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན“2016·ཀྲུང་གོ་དང་ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་ཚོགས་འདུ་”ཁྲུང་ཆིང་དུ་ཚོགས་པ་དང་ད་ཐེངས་ཀྱི་ཚོགས་འདུའི་དོ་གནད་དེ་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན་ཐད་གཙོ་བོར་དམིགས་ཡོད། ཚོགས་ཞུགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལ་མཐོང་ཆེན་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ཐད་མངོན་གསལ་དོད་པའི་ཡར་རྒྱས་བྱུང་ཡོད་ཅེས་བཤད་པ་རེད།
         “ངས་ཀྲུང་གོར་བརྩེ་དུང་ཟབ་མོ་བཅངས་ཡོད། ཧྥ་རན་སེར་ངས་ངའི་ཨེ་ཤེ་ཡའི་གྲོགས་པོ་ཚོས་ཁོང་ཚོའི་རིག་གནས་རྒྱུན་འཛིན་ཐུབ་རྒྱུར་འབད་འཐབ་བྱེད་ཀྱི་ཡོད། ངས་ཁོང་ཚོས་ཧྥ་རན་སེ་དང་ཐ་ན་ཡོ་རོབ་ཧྲིལ་པོར་རང་ཉིད་ཀྱི་བྱང་ཆུབ་པའི་རྒྱ་སྐད་ཐོག་ནས་ལས་དོན་སྤེལ་ཐུབ་རེ་བྱེད་ཀྱི་ཡོད་”ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རིགས་ཀྱི་རིག་གནས་མང་པོ་ཞིག་འདུས་ཡོད་པས་སྤྱི་ཚོགས་ཡོངས་ཀྱིས་སྤེལ་རེས་དང་བསམ་ཤེས་དེ་བས་མང་ཙམ་བྱེད་དགོས་ཀྱི་ཡོད། དེའི་ཐད་ཀྲུང་གོས་འབད་བརྩོན་མང་པོ་བྱས་ཡོད་ཅེས་ཧྥ་རན་སེའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་གསར་པའི་ཀྲུའུ་ཞི་ཕི་ཨའེ་འར·པེའར་ཤིས་སིས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོས་1954ལོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩ་ཁྲིམས་ནང་བཅུག་པ་དང་ལོ་མང་རིང་ཀྲུང་གོ་སྲིད་གཞུང་གིས་རྩ་ཁྲིམས་དང་། བཅའ་ཁྲིམས། ལམ་ལུགས་སོགས་རིམ་པ་མང་པོའི་ཐོག་ནས་མི་རིགས་ཁག་ཚང་མ་འདྲ་མཉམ་དང་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པའི་རྩ་དོན་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག་མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་ཆེད་དོན་འཆར་འགོད་20ཡི་ནང་བཅུག་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཆེད་དོན་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། 2015ལོར་ཀྲུང་གོའི་ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོང་ལྗོངས་ལྔ་དང་ཀུའེ་ཀྲོའུ་དང་། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་མི་འབོར་དབུལ་པོ་2012ལོའི་ཁྲི་3121ནས་ཁྲི་1813བར་ཉུང་དུ་ཕྱིན་ཡོད་པ་རེད།
         ཐེན་ཅིན་ནན་ཁའེ་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཁྲང་ཅན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཡོ་རོབ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན་ཐད་ནན་བཤད་བྱས་པའི་སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཁེ་དབང་འདྲ་མཉམ་ཡིན་པ་ཕུད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་ནང་དོན་མང་དུ་བཏང་ཡོད་ཅེས་བཤད་པ་རེད།
         “ང་ཚོས་གནད་དོན་གྱི་འབྱུང་རྩའི་རང་བཞིན་ལ་དེ་བས་སྣང་ཆེན་བྱེད་པ་དང་ཁྲོམ་རའི་ལྟ་ཕྱོགས་ནས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན་གནད་དོན་ཐག་གཅོད་བྱེད་པ་དེ་ནི་ང་ཚོའི་ལེགས་ཆ་ཡིན། ཁོང་ཚོའི་དཔལ་འབྱོར་ནུས་པ་ཆེ་རུ་བཏང་ཚེ་ཁོང་ཚོའི་ཁེ་དབང་དེ་དག་ལ་གཞི་ནས་དོན་སྙིང་དངོས་ལྡན་ཐུབ་” “དེའི་ཐད་ཚོགས་འདུར་ཞུགས་པའི་ཡོ་རོབ་ཀྱི་མཁས་དབང་ཚོས་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་མི་ཉུང་བ་ཞིག་གིས་ཡོ་རོབ་ཏུ་ཕྱིར་ལོག་རྗེས་བྱ་ཐབས་དེ་རིགས་ཀྱི་ཐོག་ནས་ནུབ་ཕྱོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་བསམ་གཞིག་བྱ་རྒྱུ་ཡིན་ཞེས་ཤོད་ཀྱི་འདུག་”ཅེས་ཁྲང་ཅན་གྱིས་བཤད།
         གཞན་ཡང་ནུབ་ཕྱོགས་སྤྱི་ཚོགས་སུ་ཡོངས་ཁྱབ་ངང་གནས་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོབ་དང་སློབ་གསོ་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་གྲལ་དུ་སླེབས་ཡོད།
         དབྱིན་ཇིའི་པེའར་ཧྥ་སི་ཐེ་རྒྱལ་མོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱི་ལི་ཧྲ་པའེ·M·ཁེ་ལེ་ཀེས་རིག་གནས་ཁེ་དབང་དང་ལྷག་པར་དུ་སྐད་ཡིག་གི་ཁེ་དབང་ཐད་ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཆིངས་ལ་སྔར་བཞིན་མི་འདང་ས་མང་པོ་ཡོད། “ཡོ་རོབ་ཏུ་སྐད་ཡིག་མང་པོ་ཞིག་རིམ་བཞིན་སྟོངས་འགྲོ་བ་དང་མི་མང་པོ་ཞིག་གིས་ཕ་སྐད་སྤྱོད་ཀྱི་མེད་”ཅེས་བཤད་པ་རེད།
         འཇར་མན་ཧན་པའོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སའེ་པ་སི་ཏི་ཨན·ཧྲེའར་གྱིས་ཀྱང་འཇར་མན་དུ་ཡོད་པའི་ལུའོ་མུའུ་བ(ཅིས་ཕུའུ་སའེ་བ)ཡི་གནས་ཚུལ་དྲངས་ཏེ་འཇར་མན་གྱིས་ཅིས་ཕུའུ་སའེ་བའི་འཚོ་བར་རྒྱབ་སྐྱོར་བྱེད་པའི་ཐད་ཕན་འབྲས་ཡག་པོ་ཐོན་མོད། འོན་ཀྱང་ཁོང་ཚོའི་སྐད་ཡིག་སྲུང་སྐྱོབ་ཐད་མི་འདང་ས་ཆེན་པོ་ཡོད་ཅེས་བཤད་པ་རེད།
         “དེའི་ཐད་ཀྲུང་གོས་ཡག་པོ་བསྒྲུབས་ཡོད་”ཀྲུང་གོས་སྲིད་གཞུང་གི་རིམ་པའི་ཐོག་ནས་སྐད་གཉིས་སློབ་གསོར་སྐུལ་འདེད་བཏང་བ་དཔེར་ན། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཁག་གཅིག་ཏུ་སྐད་གཉིས་སློབ་ཚན་བཀོད་སྒྲིག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡི་གེ་གཞི་རྩའི་ཐོག་ཁོང་དུ་ཆུད་པ་དང་བེད་སྤྱོད་ཐུབ་པ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་གཉིས་ཀ་ཤེས་པའི་གཞི་རྩའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱས་ཡོད། “དེ་ལྟར་བྱས་ན་མི་རིགས་ཁག་གི་སྤེལ་རེས་ཐད་ཕན་ཐོགས་ཡོད་ལ་མི་རིགས་ཁག་གི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་ཡང་ཕན་ཐོགས་ཡོད་”ཅེས་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་བློ་འདྲི་བ་ལིའུ་ཧའེ་ཉན་གྱིས་བཤད་པ་རེད།
         གྲངས་གཞི་ལས་མངོན་པར་2015ལོའི་ལོ་མཇུག་བར་ཀྲུང་གོར་གྲངས་ཉུང་མི་རིགས་54ཡིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིགས་80ལྷག་ཙམ་སྤྱོད་པ་དང་གྲངས་ཉུང་མི་རིགས་21གིས་མི་རིགས་དེ་གའི་སྐད་ཡིག་རིགས་29སྤྱོད་ཀྱི་ཡོད་པ་རེད།
         “2010ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་8.49%བཟུང་ཡོད། 1953ལོར་བསྡུར་ཚད་དེ་6.06%ལས་ཟིན་གྱི་མེད་”གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱི་བསྡུར་ཚད་འཕར་མགྱོགས་པ་དང་འཕར་ཚད་ཐ་ན་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱ་རིགས་ལས་བརྒལ་བ་དེ་ཐོག་ནས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ནང་གྲངས་ཉུང་མི་རིགས་རང་ངོས་ཀྱི་ཐོབ་ཐང་ངོས་འཛིན་བསྣན་པ་དང་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན་ཐད་ཁས་ལེན་ཐོབ་པ་མཚོན་ཡོད་ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཝང་ཡན་ཀྲུང་གིས་བཤད་པ་རེད།
         ཧོ་ལན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཐང་མུའུ·ཚེ་ཝ་ཐེས་“《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་》གྱི་ཟིན་བྲིས་འགོད་མཁན་ཁྲོད་ཀྱི་གྲས་ཤིག་ཡིན་པའི་ཀྲང་ཕུང་ཁྲུན་ནི་ཀྲུང་གོ་བ་ཞིག་ཡིན་པ་དང་མིག་སྔར་ཀྲུང་གོ་ནི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ལེགས་སྐྱེས་འབུལ་མཁན་གལ་ཆེན་གྱི་གྲས་ཤིག་ཡིན་ཞེས་བཤད་ཆོག ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་རིགས་གཅིག་མཁས་ཅན་གྱིས་རང་ཉིད་ཀྱི་ལྟ་བ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་མཉམ་སྤྱོད་བྱས་ཏེ་ནུབ་ཕྱོགས་དང་སྤེལ་རེས་དེ་བས་མང་བ་བྱེད་དགོས་”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།